ལོ་སྔོན་མའི་ཞི་རྒོལ་བ་ཐོག་མིའི་གྲས་ཀྱི་གྲྭ་བ་ཞིག་ལ་མི་ལོ་བཅུའི་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཕྱི་ཚེས་ ༢༣ ཉིན་འདི་གའི་གསར་ཁང་ལ་སེར་བྱེས་གྲྭ་བློ་བཟང་གྲགས་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲད་གནང་བ་ལྟར་ན། ལོ་སྔོན་མའི་གསུམ་བཅུའི་དུས་དྲན་ཉིན་ལྷ་སའི་གཙུག་ལག་ཁང་གི་བར་སྐོར་དུ་ཐོག་མར་ཞི་བའི་ངོ་རྒོལ་བྱེད་མཁན་ཏེ། སེ་ར་དགོན་གྱི་གྲྭ་བཅོ་ལྔ་འཇུ་བཟུང་བྱས་པའི་ཁྲོད་ནས། རང་ལོ་ ༣༡ ཡིན་ཞིང་རྫ་ཆུ་ཁ་དབོན་པོ་དགོན་པའི་གྲྭ་བློ་གྲོས་ལགས་ལ་ཁ་བྲལ་གྱི་ཉེས་མིང་འོག འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་མི་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་པའི་བརྡ་ཐོ་འབྱོར་ཡོད་པ་དང་། ཁོང་ད་ལྟ་ལྷ་ས་ཆུ་ཤུར་རྫོང་མི་མང་ཁྲིམས་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།
དེ་བཞིན་རང་ལོ་ ༦༣ ལ་སོན་པའི་ཁོང་གི་ཕ་དགའ་ཡས་ལགས་ཀྱང་ལོ་སྔོན་མར་ཟླ་འགའི་རིང་བཙོན་འཇུག་དང་མནར་གཅོད་བྱས་ཡོད་པ་མ་ཟད། རྒྱ་སྒོར་ལྔ་སྟོང་གིས་ཆད་པ་བཅད་ཡོད་འདུག
ད་ལྟའི་ཆར་ཁོང་ལས་གྲྭ་བ་གཞན་བཅུ་བཞིའི་སྐོར་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་ཡོད།