ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་གསར་འགོད་པ་ ཨ་ནན་ཌི་ ཤན་ཀར་ འབོད་པ་ཞིག་གིས། རྒྱལ་བ་ཀརྨ་པས་གསང་བ་བརྟོལ་བྱུང་། ཞེས་མགོ་བརྗོད་དུ་བཀོད་པའི་བཅར་འདྲི་རང་བཞིན་གྱི་གསར་འགྱུར་ཞིག་ཚོང་ལས་ཚད་གཞིའམ། དབྱིན་ཡིག་ཏུ་ Business Standard ཞེས་པའི་དྲ་ཚིགས་སུ་བཀོད་ཡོད་པ་རེད། བཅར་འདྲིའི་དྲི་བ་དྲི་ལན་ཁག་འདིར་བོད་བསྒྱུར་གྱིས་བཀོད་ཡོད། འགྱུར་ལ་དོགས་པ་ཡོད་ན་གོང་གི་དྲ་ཚིགས་ཀྱི་འབྲེལ་ཐག་ལ་བསྣུན་ཏེ་མ་རྩོམ་ལ་གཟིགས་རོགས།
དྲི་བ། སྐུ་ཉིད་ནས་རྒྱ་གར་དུ་ལོ་ ༩ རིང་བཞུགས་པ་དེར་སྡོམ་གང་འདྲ་ཞིག་རྒྱག་གནང་གི་ཡོད།
ལན། ཕན་ཐོགས་ཧ་ལས་པ་བྱུང་སོང་སྙམ་པའི་རྒྱུ་མཚན་འགའ་ཤས་ཡོད། གནས་འདི་ནས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་མང་པོ་ཞིག་ལ་མཇལ་ཐུབ་གིན་འདུག མངོན་འགྱུར་གཙོ་བོ་ཞིག་ནི་རྒྱལ་ཁབ་འདྲ་མིན་གྱི་མི་སྣ་མཉམ་དུ་མཇལ་འཕྲད་ཀྱི་གོ་སྐབས་ཡོད་པ་དེ་རེད།
དྲི་བ། ཉིད་ཀྱི་ནང་ཆོས་སློབ་སྦྱོང་གི་ཕན་ནས་ཐུགས་སྣང་ཆེ་ཤོས་ཀྱི་སྦྱང་ཚན་གང་རེད། དེའི་ཐད་སློབ་གཉེར་གནང་བར་དགོངས་འཆར་འདྲ་ཡོད་དམ།
ལན། ངའི་སློབ་གཉེར་གྱི་རྒྱབ་ལྗོངས་ཚང་མ་སྲོལ་རྒྱུན་གྱི་བསླབ་པ་སློབ་གཉེར་རེད། ཉེ་ལམ་ནས་ངས་སེམས་ཁམས་རིག་པ་དང་ཁོར་ཡུག་གི་ཐད་སློབ་གཉེར་འབད་བརྩོན་བྱེད་ཀྱིན་ཡོད། ད་ལྟ་བར་དུ་ང་རང་ཚོགས་འདུ་རེ་ཟུང་གི་ཐོག་ཞུགས་མྱོང་། ཡིན་ཡང་། བསླབ་གཞི་དེ་དག་གི་ཐད་སློབ་གཉེར་བྱེད་པའི་དོན་དངོས་ཀྱི་གོ་སྐབས་ཤིག་འཐོབ་མ་མྱོང་། ཉེ་བའི་འབྱུང་འགྱུར་གྱི་ནང་ངས་དེང་རབས་ཚན་རིག་ལ་སློབ་གཉེར་བྱ་དགོས་ཀྱི་འདུག ངའི་རེ་བར་གཙུག་ལག་སློབ་གྲྭ་ཞིག་གི་ནང་དུ་དངོས་གཞིའི་སློབ་ཞུགས་བྱ་རྒྱུ་བྱུང་ན་བསམ་ཡོད། དེང་རབས་ཚན་རིག་དང་ནང་ཆོས་ཀྱི་བསླབ་པ་གཉིས་ནི་ཕན་ཚུན་བསྡུར་རན་ཡོད་པ་དང་ཁེ་ཕན་ཡོད་པ་ཞིག་རེད།
དྲི་བ། ཁྱེད་ལ་ཕྱིར་བོད་ནས་ནང་མིའི་བརྡ་ལན་འབྱོར་གྱི་འདུག་གམ། ཐོས་ཚོད་ལ་ཉིད་ཀྱི་ཡབ་ཡུམ་གཉིས་བདེ་བོ་མེད་པ་འདྲ།
ལན། གློ་བུར་ཐོལ་རྒྱག་རེར་ནང་ནས་བརྡ་ལན་རེ་འབྱོར་གྱི་འདུག ངའི་ཕ་མ་གཉིས་ཀྱི་སྐུ་གཟུགས་བདེ་ཐང་ཡིན་ལ། མཚམས་རེར་ཁོང་གཉིས་ཀྱིས་ང་ལ་བརྡ་ལན་རེ་གནང་གི་འདུག
དྲི་བ། སྐུ་ཉིད་ནས་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་སྲིད་དོན་ལས་སྒོའི་ཐད་རྒྱང་ཐག་ཅིག་བཟུང་ཡོད་པ་རེད། སྐུ་ཉིད་ཀྱི་གཟིགས་ཚུལ་ལ་ཉིད་ནས་ལངས་ཕྱོགས་འདི་དུས་ཡུན་ཅི་ཙམ་ཞིག་ལ་འཛིན་དགོས་ཀྱི་འདུག་གམ།
ལན། སྲིད་དོན་གྱི་ལས་སྒོའི་ཐོག་ཞུགས་མི་ཆོག་མཁན་ཞིག་གི་ངོས་ནས་བཤད་ན་འདི་བཤད་ཁག་པོ་འདུག་ནའང་། འདི་ནི་མི་ཚེའི་གྲུབ་ཆ་ཞིག་ངེས་པར་དུ་རེད། ག་རེ་ཡིན་ཡང་འབྱུང་སྲིད་པ་རེད་ལ་འདི་ལྟའི་དུས་ཚོད་ཅིག་ཡོང་སྲིད་པ་རེད། གནས་སྟངས་ལ་དཔག་པའི་སྒོ་ནས་འདི་ལྟའི་ནང་འཛུལ་ཞུགས་བྱ་སྲིད་པ་རེད། ང་རང་སྲིད་དོན་པ་ཞིག་བྱ་འདོད་མེད་ཀྱང་། སྤྱི་ཚོགས་ཀྱི་ལས་དོན་ཁྲོད་མཉམ་ཞུགས་བྱ་འདོད་ཡོད།
དྲི་བ། དགུང་ལོ་ ༢༣ སྟེང་། སྐུ་ཉིད་ནི་དེ་རིང་གི་བོད་ཀྱི་གཞོན་སྐྱེས་ཚོའི་གྲས་ན་ཡོད་པ་རེད། སྐུ་ཉིད་ནས་ཁོང་ཚོའི་མཉམ་དུ་འབྲེལ་བ་གང་འདྲ་ཞིག་འཛིན་གྱི་ཡོད་དམ།
ལན། ལོ་ཆུང་ཆུང་ཡིན་དུས་ནས་བཟུང་ང་རང་གཞོན་སྐྱེས་ཚོའི་མཉམ་དུ་ཁ་ཐུག་དང་ཐད་ཀའི་འབྲེལ་བ་ཡོད། ཁོང་ཚོས་ཀྱང་ང་ལ་བློ་ཐག་ཉེ་བོ་བྱེད་གིན་རེད། ང་ཚོའི་འབྲེལ་བ་ཉེ་བོ་ཡོད། ངས་རང་ཉིད་ནི་གནའ་རབས་དང་དེང་རབས་གཉིས་བར་གྱི་ཟམ་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ང་ཚོ་དེང་རབས་ཀྱི་ཤུགས་རྐྱེན་ཁོ་ནའི་དབང་དུ་ཕྱིན་ན་འགྲིག་གི་མ་རེད། ང་ཚོར་དུས་སྐབས་གཉིས་ཀའི་ཐད་གོ་རྟོགས་ཡང་དག་པ་དང་གཙང་མ་ཞིག་དགོས་པ་རེད།
དྲི་བ། རྒྱ་གར་དུ་ཕེབས་འབྱོར་བྱུང་བ་ནས་བཟུང་རྒྱ་གར་གཞུང་གིས་སྐུ་ཉིད་ཕྱོགས་ཕེབས་གནང་མ་བཅུག་པར་བརྟེན་དམ་དྲག་གི་ཐུགས་སྣང་བྱུང་ཚུལ་གསུངས་ཡོད་པ་རེད། སྐུ་ཉིད་ཨ་རིར་ཕེབས་རྗེས་ནས་བཟུང་ཐུགས་ཚོར་གང་འདྲ་བྱུང་ངམ།
ལན། དེ་ནི་དུས་ཡུན་ཧ་ཅང་ཐུང་ཐུང་གི་འགྲུལ་སྐྱོད་ཅིག་རེད། ཡིན་ཡང་སྒོ་འཕར་ཆེན་པོ་ཞིག་ཕྱེ་བ་རེད། འགྲུལ་བཞུད་དེ་བདེ་བོ་དང་སྐྱིད་པོ་བྱུང་། འདི་འདྲའི་གོ་སྐབས་མང་ཙམ་ཡོང་བའི་རེ་བ་བྱེད་ཀྱིན་ཡོད།
དྲི་བ། དེང་སྐབས་འཛམ་གླིང་ནང་དཀའ་རྙོག་མང་པོ་ཞིག་འབྱུང་གིན་པ་འདིར་སྐུ་ཉིད་ལ་གཟིགས་ཚུལ་ཅི་ཡོད།
ལན། འཛམ་གླིང་གིས་དཔལ་འབྱོར་ཉམས་རྒུད་དང་རྩོད་རྙོག་མང་པོ་ཞིག་ལ་གདོང་གཏད་ཡོད་པ་རེད། ལྷག་པར་དུ་དམག་འཁྲུག་རེད། འདི་དག་ཐམས་ཅད་ཀྱི་རྒྱབ་ན་མི་ཡོད་པ་རེད། ཁོའི་བྱ་སྤྱོད་ཡོད་པ་རེད། དེ་ལ་ང་ཚོས་བསྐྱར་ཞིབ་བྱ་དགོས་ཀྱི་ཡོད་པ་རེད། ཡིན་ཡང་དཀའ་རྙོག་འདི་དག་ནི་ཁོར་ཡུག་གི་དཀའ་རྙོག་ནང་བཞིན་གྱི་ཛ་དྲག་མ་རེད། མི་འབོར་ཚད་འཛིན་ནི་ཐག་གཅོད་ཀྱི་ཐབས་ལམ་རེད། ཡིན་ནའང་། ཐག་གཅོད་དེ་ནི་མིའི་བྱ་སྤྱོད་ལ་རག་ལས་ཡོད་པ་རེད།