མཇལ་འཕྲད་གནང་རྒྱུ་མིན་ཟེར།

ནེ་ཌར་ལན་ཌིའི་སྲིད་བློན་གྱིས་༧གོང་ས་མཆོག་འཆར་ཟླའི་ཚེས་མགོར་རྒྱལ་ཁབ་དེར་ཆིབས་བསྒྱུར་སྐྱོང་སྐབས་མཇལ་འཕྲད་གནང་རྒྱུ་མིན་ཚུལ་བསྒྲགས་ཡོད་འདུག

འཆར་ཟླའི་ཚེས་ ༤ དང་ ༥ ཉིན་གཉིས་ཀྱི་རིང་ལ་༧གོང་ས་མཆོག་ནེ་ཌར་ལན་ཌིར་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་དང་། ནེ་ཌར་ལན་ཌིའི་གྲོས་ཚོགས་འཐུས་མི་ཚོས་ནེ་ཌར་ལན་ཌིའི་སྲིད་བློན་ ཇན་ པེ་ཊར་ མཆོག་༧གོང་ས་མཆོག་ལ་མཇལ་འཕྲད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། སྲིད་བློན་ཇན་པེ་ཊར་གྱིས་ཁོང་ཉིད་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་འདུག  

ཡིན་ཡང་། ནེ་ཌར་ལན་ཌིའི་ཕྱི་སྲིད་བློན་ཆེན་མེག་སི་མཱམ་གྱིས་༧གོང་ས་མཆོག་ལ་སྣེ་ལེན་གནང་རྒྱུ་ཡིན་འདུག་ལ། ནེ་ཌར་ལན་ཌི་གཞུང་གིས། སྲིད་བློན་གྱིས་སྣེ་ལེན་གནང་མིན་དེས༧གོང་ས་མཆོག་ལ་དགའ་བསུ་ཡོད་མེད་མཚོན་མི་ཐུབ་ལ། དེ་བས་ཀྱང་རྒྱ་ནག་གཞུང་དང་ནེ་ཌར་ལན་ཌིའི་འབྲེལ་བར་གནོད་སྐྱོན་ཡོང་གི་རེད། ཅེས་གསར་ལམ་ཁག་ལ་བརྗོད་ཡོད་འདུག དེ་བཞིན་སྲིད་བློན་ཇན་པི་ཊར་གྱིས་རླུང་འཕྲིན་བརྒྱུད་ཁ་གཏད་ཚོགས་པའི་དྲི་བར་ལན་འདེབས་གནང་སྐབས། ཁོང་གིས། གནད་དོན་འདི་ནི་རྒྱ་ནག་དང་དཔལ་འབྱོར་ཁོ་ནའི་འབྲེལ་ལམ་ལ་བརྗོད་ཀྱིན་མེད་པར། གལ་ཏེ་རྒྱ་ནག་ལ་ཕོག་ཐུག་བཏང་ཚེ་རྗེས་ཕྱོགས་རྒྱ་ནག་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་སྐད་ཆ་བཤད་དགོས་པ་ཡོད་ཚད་ཀྱི་ལམ་ཁ་འགག་འགྲོ་གི་རེད་ཅེས་གསུངས་འདུག

རྒྱ་ནག་གིས་ཉེ་སྔོན་ནས་ནེ་ཌར་ལན་ཌིའི་གྲོས་ཚོགས་ལ་༧གོང་ས་མཆོག་གདན་འདྲེན་ཞུ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་ཅེས་ཁ་གཏད་ཚོགས་པའི་འཐུས་མིས་བརྗོད་ཡོད་འདུག དེ་ལྟར་རུང་ནེ་ཌར་ལན་ཌིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གི་ཉེན་བརྡར་མ་ལྟོས་པར་༧གོང་ས་མཆོག་གྲོས་ཚོགས་ནང་གདན་འདྲེན་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་འདུག

ནེ་ཌར་ལན་ཌིའི་གཞུང་འཛིན་ཡི་ཤུའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཀྱང་ནེ་ཌར་ལན་ཌིར་ཡོད་པའི་རྒྱ་ནག་དོན་གཅོད་ཁང་ལ་རྒྱ་ནག་གིས་ནེ་ཌར་ལན་ཌིའི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་། ནེ་ཌར་ལན་ཌིས་རྒྱ་ནག་གི་སྲིད་དོན་གྱི་མཇལ་འཛོམས་རིགས་ལ་ཐེ་གཏོགས་བྱེད་ཀྱིན་མེད་པ་བཞིན་རྒྱ་ནག་གིས་ཀྱང་ངེས་པར་དུ་ལམ་སྲོལ་འདིར་འདྲ་མཉམ་གྱི་བརྩི་བཀུར་བྱ་དགོས་པར་བརྗོད་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

One thought on “མཇལ་འཕྲད་གནང་རྒྱུ་མིན་ཟེར།

  1. སོ་སོའི་རྒྱལ་ཁབ་ཀྱི་དོན་དག་ལ་ཐུག་དུས་སྲིད་དོན་མཁས་པ་འདི་ཚོས་ཅི་ཡང་བྱེད་སྲིད། བཙན་བྱོལ་བོད་གཞུང་ལ་གྲག་འགུལ་ཚོར་གསུམ་གང་ཡང་མེད་པར་འདི་ལྟར་ཁ་ཁུ་སིམ་དགོས་དོན་ཅི་ཡིན་ནམ། ཡོངས་ཁྱབ་མིན་པའི་གསར་འགོད་གསལ་བསྒྲགས་རེ་དང་། ལག་བསྟར་མི་བྱེད་པའི་གྲོས་ཆོད་ཡིག་ཆ་སོགས་འགའ་རེ་འགྲེམ་སྤེལ་བྱས་པ་ཙམ་གྱིས་རང་ཉིད་ཀྱི་ཁ་གཏད་ཆགས་པའི་སྲིད་གཞུང་ཞིག་ལ་ག་རེ་བྱེད་ཐུབ་བམ། རྒྱ་གཞུང་གིས་འཆར་གཞི་དང་དམིགས་ཡུལ་ངེས་ཅན་ཞིག་གི་འོག་ནས་ལངས་ཕྱོགས་གཅིག་རང་བརྟན་པོར་བཟུང་སྟེ་མི་ལོ་འདི་འདྲ་མང་པོ་མཐར་བསྐྱལ་བྱས་ཡོད། དུས་ཡུན་དེའི་རིང་རྒྱ་གཞུང་གིས་ང་ཚོ་ལ་ཕམ་ཁ་ག་འདྲ་ཞིག་སྤྲད་སོང་ཨང་། དུས་ཡུན་དེའི་རིང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ལ་ངེས་མེད་འགྱུར་ལྡོག་ག་འདྲ་ཞིག་བྱུང་སོང་ཨང་།