བུད་མེད་དྲུག་གི་ཤི་གསོན་ཤེས་ཀྱི་མི་འདུག

རྒྱ་ནག་གི་ས་གནས་དྲག་ཆས་ཉེན་རྟོག་དམག་མིས་བོད་རིགས་བུད་མེད་དྲུག་ལ་མེ་མདའ་བརྒྱབས་ཏེ་རྨས་སྐྱོན་ཕོག་ཡོད་ཀྱང་། བཙན་ཁྲིད་བྱས་འདུག་པས་ད་ལྟ་ཤི་གསོན་གྱི་གནས་ཚུལ་ཤེས་མི་འདུག

བོད་གཞུང་གི་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན།  ཚེས་ ༢༤ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡ ཡས་མས་སུ་ཁམས་དཀར་མཛེས་ཁུལ་གྱི་རྟའུ་རྫོང་དང་ཉག་ཆུ་རྫོང་ཁོངས་ཀྱི་མི་མང་ནས་ཡུལ་མི་གནས་སྤོ་བྱ་རྒྱུར་རྟའུ་རྫོང་རྫ་པ་ཆུས་སུ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ས་གནས་སྤྱི་བདེ་མི་སྣ་དང་དྲག་ཆས་ཉེན་རྟོག་དམག་མིས་མེ་མདའ་བརྒྱབས་ཏེ་ཉུང་མཐར་བུད་མེད་དྲུག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྟའུ་རྫོང་ཁོངས་སུ་རྒྱ་གཞུང་གིས་གློག་ཁང་གསར་རྒྱག་ཆེད་ཡུལ་མི་གནས་སྤོ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། ༢༠༠༩ ལོར་སླར་ཡང་ཡུལ་མི་གནས་སྤོ་བྱ་དགོས་པའི་བཙན་བཀའ་བཏང་སྟབས། ཡུལ་མི་ཚོ་གཅིག་མཐུན་གྱིས་ཕ་མེས་ནས་གཞིས་ཆགས་པའི་ས་ཞིང་ཁང་པ་སོགས་བློས་བཏང་བྱ་མ་ཐུབ་པར་མུ་མཐུད་གནས་སྡོད་བྱས་ཡོད་པར།  ༢༠༠༩ ཟླ་ ༥ ཚེས་ ༥ ཉིན་དྲག་ཆས་དམག་མི་མང་པོ་ས་གནས་དེར་སླེབས་ཏེ། ས་གནས་དེའི་ཨ་ཀྲི་རྒྱ་མཚོ་ཚང་དང༌། ཆེ་གོ་པི་ཟི་ཚང་སོགས་མི་ཚང་ཁག་གཅིག་གི་ཁང་ཁྱིམ་གཏོར་ཡོད་པ་མ་ཟད། ས་གནས་དེའི་གྲོང་སྡེ་ཞིག་ཏུ་ཉེ་སྔོན་ཡུལ་མི་གནས་སྤོ་བྱ་དགོས་སྐོར་ཚོགས་འདུ་དང་མཛད་སྒོ་ཞིག་འཚོགས་ཏེ་རྡོ་རིང་ཡང་བཙུགས་ཡོད་འདུག་ཀྱང༌། གྲོང་སྡེ་དེའི་ཡུལ་མི་རྒན་མོ་རང་ལོ་བདུན་ཅུ་ལྷག་ལ་སོན་པའི་ལྷ་མོ་ཞེས་པ་ཞིག་གིས་སྣེ་ཁྲིད་དེ། ང་ཚོའི་ས་ཆ་ང་ཚོར་བདག་དབང་ཡོད་པས། གནས་གཞན་དུ་སྤོ་རྒྱུ་མིན་སྐོར་སྐད་འབོད་དང་འབྲེལ་རྡོ་རིང་དེ་གཏོར་ནས་ཡུལ་མི་གནས་སྤོ་བྱ་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པར་བརྟེན། ཚེས་ ༢༤ ཉིན་གྱི་སྔ་དྲོ་དམག་མི་འབོར་ཆེན་བསླེབས་ཏེ་ས་གནས་དེར་དམ་དྲག་བྱེད་སྐབས། རྟའུ་རྫོང་དང་ཉག་ཆུ་རྫོང་ཁོངས་ཀྱི་མི་མང་ས་གནས་དེར་འཛོམས་ཏེ། ཞི་བའི་ངོ་རྒོལ་བྱས་པར་དམག་མིས་མི་ཚོགས་ཁྲོད་མེ་མདའ་གང་བྱུང་རྒྱབ་རྐྱེན་བུད་མེད་དྲུག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག བུད་མེད་དྲུག་དེ་ནི། ཚེ་རིང་ལྷ་མོ་དང༌། རིག་འཛིན་ལྷ་མོ། སྒྲོལ་མ། སྐལ་བཟང༌། སྒྲོལ་དཀར། མཁའ་དབྱིངས་བཅས་ཡིན་པ་དང༌། མེ་མདའ་ཕོག་རྗེས་དམག་མིས་བཙན་འཁྲིད་བྱས་ཏེ་ད་ལྟ་ཁོང་རྣམས་ཀྱི་ཤི་གསོན་གྱི་གནས་སྟངས་ཇི་ཡིན་ཁ་གསལ་མེད་པར་གྱུར་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “བུད་མེད་དྲུག་གི་ཤི་གསོན་ཤེས་ཀྱི་མི་འདུག

  1. སྤྱིར་བོད་ནང་གི་ཞིབ་ཕྲིའི་གནས་ཚུལ་ཤེས་རྟོགས་མི་ཐུབ་པ་དངོས་ཡོད་གནས་སྟངས་ཆགས་ཡོད་སྟབས། བཙན་འབྱོར་གཞུང་གི་སྣང་མེད་དུ་གཡུག་ཡོད་ཚུལ་བརྗོད་པ་དེ་བསམ་བློ་ཞིབ་ཚག་མ་བཏང་བའི་སྐྱོནརེད་། འོན་ཀྱང་སྤྱི་སྒེར་གཉིས་ཀས་མིག་རྣོ་རྣོ་དང་རྣ་ཅོག་ཟབ་ཟབ་ཉན་རྒྱུ་གལ་ཆེ། རྒྱ་ནག་གིས་བོད་ནང་གནས་ཚུལ་ཕྱིར་ཁྱབ་དོགས་ཀྱིས་བརྒྱུད་ལམ་ཡོད་ཚད་འགོག་ཅི་ཐུབ་བྱེད་བཞིན་ཡོད་ཀྱང་ཉི་ཤར་ལག་པས་མི་ཁེབས་ཅེས་པའི་དཔེ་ལྟར་གྱུར་ཡོད་ ང་ཚོས་བརྒྱུད་ལམཁག་ནས་ཁྱབ་སྒྲགས་བྱེད་སྐབས་བདེན་པ་གཞིར་གཞག་དགོས་པ་གལ་གནད་ཆེ་བར་སྙམས།།

  2. གངས་རིའི་གླིང་བུ།

    བཙལ་བྱོལ་གཞུང་དམངས་གཉིས་ལ་གྲགས་མགུལ་ཅི་ཡང་མི་འདུག་་་་་་ཡུལ་མི་སྤུན་ཟླ་ཚོའི་ཚེ་སྲོག་ནི་མུན་ནག་གི་བཤིན་རྗེའི་ཁང་དུ་བརྫངས་ཀྱིན་འདུག་་་་་ད་དུང་མ་མཐོང་མདོག་མདོག་དང་མ་གོ་ཁད་བྱས་ནས་སྡོད་ཀྱིས་འདུག་ངོ་མ་ངོ་གནོངས་དགོས་པ་ཞིག་རེད།

  3. བོད། ཤ་ཁྲག་རུས་གསུམ།

    ཡ་ང་བའི་བྱུང་རིམ་འདི་དག་ལ་ནུས་པ་ཡོད་པའི་སྒོ་ནས་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་ཕལ་ཆེར་མེད་སོང་བ་ནི་ཡིན་ས་རེད། དེ་མིན་ན་བོད་ནང་གི་བོད་མི་དེ་དག་གི་གནས་ཚུལ་དངོས་དེ་དག་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཟེར་བ་དེ་དག་གི་རྣ་ལམ་དུ་འབྱོར་གྱི་མེད་པ་ནང་འབྱོར་ཡང་ནུས་པ་འདོན་ཐུབ་ཀྱི་མེད་པར་ལྷག་ནས་ཡོད་པ་འདྲ། དེ་མིན་བོད་པ་འདི་ཚོ་འགྲོ་བ་མིའི་་མངའ་ཁུངས་དུ་ངོས་འཛིན་བྱེད་ཐུབ་ཀྱི་མེད་པ་ཡིན་འགྲོ