མཚོ་སྔོན་པོ་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་དང་ས་གནས་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་དཀའ་སྡུག་རྣམས་ཡུལ་མི་ཚོར་བཅར་འདྲི་སོགས་ཀྱི་ལམ་ནས། བོད་སྟོད་སྨད་བར་གསུམ་གྱི་རང་བྱུང་ཁོར་ཡུག་གི་གནོད་སྐྱོན་སྦས་སྐོང་བྱེད་བཞིན་པའི་གསང་རྣམ་གསལ་བོར་མཚོན་ཡོད་པའི་གློག་བརྙན་ཞིག་ཡིན་འདུག
ཧི་གཟུགས་ཟིན་བྲིས་སུ་གནས་ཚུལ་བཀོད་པ་ལྟར་ན། བོད་ཀྱི་སྙན་ངག་པ་ལྗང་བུ་ལགས་ཀྱིས་བཟོ་བསྐྲུན་བྱས་པའི་གློག་བརྙན་<<མཚོ་སྔོན་པོ>>ཞེས་པ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་སྔར་ལོའི་ལོ་མཇུག་ཏུ་མི་མང་ལ་གཟིགས་འབུལ་བྱས་ཡོད་པ་དང་། གློག་བརྙན་གཟིགས་འབུལ་སྐབས་སྐུ་ཞབས་ལྗང་བུ་ལགས་ཀྱིས། གློག་བརྙན་འདི་ནི་ ༢༠༠༥ ལོ་ནས་རང་ཉིད་ཀྱིས་མགོ་བརྩམས་ཏེ་ཕབ་བསྐྲུན་གྱི་ལས་ལ་ཞུགས་པ་དང་། རང་ཉིད་ཀྱིས་རྟག་ཏུ་བཤད་འདོད་པ་མང་བོ་ཞིག་གློག་བརྙན་གྱི་ཐབས་ལམ་བརྒྱུད་དེ་རྒྱ་ཆེའི་ལྟ་མཁན་དག་གི་སྤྱན་ལམ་དུ་བསྟར་ཐུབ་པར་འབད་བརྩོན་བྱས་ཡོད། ཅེས་གསུངས་ཡོད་འདུག གནས་ཚུལ་ངོ་སྤྲོད་པས་བརྗོད་པ་ལྟར་ན། ཁོང་གི་གློག་བརྙན་བརྩམས་ཆོས་དེའི་བསྟན་དོན་ནི་མཚོ་སྔོན་པོ་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་དང་ས་གནས་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་དཀའ་སྡུག་ཡོད་ཚད་མཐོང་སྣེར་དྲངས་ཏེ་ས་གནས་ཡུལ་མི་ཚོར་བཅར་འདྲི་སོགས་ཐབས་རྩལ་སྣ་ཚོགས་སྤྱད་དེ། བོད་སྟོད་སྨད་བར་གསུམ་གྱི་སྦས་སྐོང་གི་གསང་རྣམ་སྐྱུར་མོའི་ངོ་གདོང་དམར་རྗེན་དུ་པར་ལ་བཏབས་ཡོད་པས། ད་ལྟ་བོད་ཕྱི་ནང་གཉིས་ན་ལག་སྔ་གང་མགྱོགས་ཀྱིས་སྒྲིག་སྦྱོར་བྱེད་བཞིན་པའི་དངོས་བཤུས་གློག་བརྙན་ལས་ཆེས་འབུར་ཐོན་པ་ཞིག་ཏུ་བརྩི་ཆོག་པར་འདུག་ཟེར།