གཞིས་ལུས་རྒྱལ་གཅེས་པ་བཞི་ངྷ་སར་འབྱོར།

ཁྱེད་ཚོས་ཤེས་གསལ་བཞིན་རྒྱ་ནག་གི་ཁྲིམས་ནི་ལྕགས་རེད། ལྕགས་རྐྱང་རྐྱང་གིས་མིའི་ཤ་ལ་བཟོ་ལྟ་བཟོ་གིན་རེད། དེ་ཡིན་དུས་གསར་འགོད་པ་ཚོས་རྟོགས་ཞིབ་ངོ་མ་བྱས་ཏེ་བོད་རིགས་མང་ཚོགས་ཀྱི་སེམས་ནང་གི་སྐད་ཆ་དང་གནས་སྟངས་ལ་ཞིབ་མཇུག་གནང་རོགས་ཞུ་རྒྱུ་ཡིན་ཟེར།

༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༨ ཉིན་དཀར་མཛེས་དུ་སེར་སྐྱ་བོད་མི་སྟོང་ཕྲག་ལྷག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་སྐབས། ཞི་རྒོལ་དེའི་སྣེ་ཁྲིད་མཁན་རང་ལོ་ ༤༡ ཡིན་པ་མ་འདས་མགོན་པོ་དང་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་རང་ལོ་ ༢༤ ཡིན་པ་བརྩི་སྲུང་དགོན་པའི་གྲྭ་ཚེ་རིང་འགྱུར་མེད། སྔར་ལོ་ཟླ་ ༣ ཚེས་ ༢༤ ཉིན་ཏྲེ་ཧོར་ལྕོག་རི་ཁུལ་གྱི་ངང་སྒོང་བཙུན་དགོན་གྱི་བཙུན་མ་ ༡༢༠ ལྷག་གིས་མགོ་ཁྲིད་དེ་སེར་སྐྱ་མི་མང་གིས་ངོ་རྒོལ་སྐབས་སུ་མཉམ་ཞུགས་གནང་མཁན། ཏྲེ་ཧོར་ལྕོག་རི་ནས་ཡིན་པ་བློ་བཟང་ཐུབ་བསྟན་དང་ཚེ་དབང་དོན་གྲུབ་བཅས་ཞི་རྒོལ་བ་བཞི་བཞུགས་སྒར་རྡ་སར་འབྱོར་ཡོད་པ་དང་། ཚེས་ ༢༨ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དྲིལ་བསྒྲགས་ལས་ཁུངས་ཀྱི་གོ་སྒྲིག་འོག་གསར་འགོད་གསར་བསྒྲགས་ཤིག་བསྐྱངས་ཡོད།

སྐབས་དེར་ཟླ་ ༣ པའི་ཚེས་ ༡༨ ཉིན་དཀར་མཛེས་སུ་སེར་སྐྱ་བོད་མི་སྟོང་ཕྲག་ལྷག་གི་ཞི་རྒོལ་གྱི་སྣེ་ཁྲིད་མཁན་མ་འདས་མགོན་པོ་ལགས་ཀྱིས་ངོ་སྤྲོད་གནང་དོན། སྤྱིར་ང་ཚོས་ཞི་རྒོལ་བྱེད་དོན་ནི་བོད་མི་ཞིག་ཡིན་ཕྱིན་ཧ་གོ་རྒྱུ་རེད། རྒྱ་ནག་གིས་བོད་མི་ཚོར་སྡུག་པོ་ག་ཚོད་གཏོང་བཞིན་པ་དེ་བཤད་ན་ཚར་བ་དེ་འདྲ་མ་རེད། བོད་གངས་ཅན་གྱི་སྲོག་སྙིང་ལྟ་བུའི་༧རྒྱལ་བ་པཎ་ཆེན་གཉིས་བོད་མི་མང་གི་མཐོང་ལམ་དུ་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་ཡུལ་གཞན་དུ་སྐྱབས་བཅོལ་ལ་བརྫངས་པ་དང་༧པཎ་ཆེན་རིན་པོ་ཆེ་ནི་དགུང་ལོ་ཆུང་དུས་ནས་རྒྱ་ནག་གིས་བཙན་ཁྲིད་བྱས་ཏེ་ད་སྐབས་ཤི་གསོན་གང་ཡིན་ང་ཚོས་གང་ཡང་ཤེས་ཀྱིན་མེད། དེ་བཞིན་བོད་མི་དང་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་དང་རོགས་སྐྱོར་གནང་མཁན་གྱི་སྐྱེས་བུ་གང་མང་མ་ཉེས་ཁ་གཡོག་གིས་བཙོན་དུ་འཇུག་པའམ་ཡང་ན་གསོད་ཀྱིན་ཡོད་པ་རེད། གང་ལྟར་བོད་ས་ཁུལ་གང་སར་བོད་ལ་ཕན་ཐོགས་མཁན་ཞིག་ཡོད་ན་དེ་མེད་པར་བཟོ་གིན་ཡོད། དེ་ཡིན་དུས་བོད་མི་ཚོས་ང་ཚོ་ལ་རང་དབང་དང་འདྲ་མཉམ་དགོས་ཟེར་ནས་ཞི་རྒོལ་གནང་བ་རེད་ལ། སྐབས་དེར་དངོས་དགའ་དང་གུས་པ་གཙོས་པའི་མི་བཅུ་ལྷག་གིས་མགོ་ཁྲིད་དེ་དཀར་མཛེས་རྫོང་ཐོག་ཏུ་མི་མང་སྟོང་ཕྲག་གསུམ་ལྷག་གིས་མ་བསྐུལ་དང་བླངས་ཀྱིས་ཞི་རྒོལ་བྱས་སྐབས། རྒྱ་དམག་གིས་མེ་མདའི་འོག་རྨས་སྐྱོན་ཕོག་པ་དང་ལྕགས་མདའ་དང་གློག་རྒྱུག་སོགས་བཀོལ་སྤྱོད་འོག་མི་མང་ལ་རྡུང་རྡེག་ཚད་མེད་ཀྱིས། དཀར་མཛེས་རྫོང་ཐོག་ཏུ་ཟུངས་ཁྲག་འཁྱིལ་ཏེ་ཁྲག་གི་གྲོང་ཁྱེར་ལྟ་བུར་གྱུར་བ་རེད་ལ། མི་མང་པོར་ཤི་རྨས་བྱུང་ཡོད་ལ། ད་སྐབས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་ཡང་ན་གར་སོང་ཆ་མེད་གྱུར་བ། བྲོས་བྱོལ་དུ་སོང་བ་སོགས་བྱུང་ཡོད། སྐད་འབོད་ཀྱི་མགོ་ཁྲིད་ཆུ་ཁ་ཚང་གི་དངོས་དགའ་ལ་ལོ་ངོ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད། རྒྱ་ནག་གིས་གུས་པ་འཛིན་བཟུང་གི་བཀའ་རྒྱའི་ཡིག་ཆ་རླུང་འཕྲིན་སོགས་སུ་ཡང་ཡང་བཀྲམས་པ་དང་གསལ་བསྒྲགས་བྱས་པ་སོགས་ཀྱིས་རང་ཡུལ་དུ་སྡོད་མ་ཐུབ་པར་་བྲོས་བྱོལ་གྱིས་འབྲོག་སྡེ་ཁག་ལ་གནས་ཚང་གཡར་ནས་བསྡད་པ་དང་། ད་ལོའི་ཟླ་ ༣ པ་ནས་རང་ཡུལ་དང་ཁ་བྲལ་ཏེ་བཙན་བྱོལ་དུ་ཡོང་བ་ཡིན། ཞེས་གསུངས་བྱུང་།

དེའི་རྗེས་སྔར་ལོ་ཟླ་ ༣ ཚེས་ ༢༤ ཉིན་ཏྲེ་ཧོར་ལྕོག་རི་ཁུལ་གྱི་ངང་སྒོང་བཙུན་དགོན་གྱི་བཙུན་མ་ ༡༢༠ ལྷག་གིས་མགོ་ཁྲིད་དེ་སེར་སྐྱ་མི་མང་གི་ངོ་རྒོལ་སྐབས་སུ་མཉམ་ཞུགས་གནང་མཁན་རང་ལོ་ ༣༩ ལ་སོན་པའི་ཚེ་དབང་དོན་གྲུབ་ལགས་ཀྱིས་རང་ཉིད་ཞི་རྒོལ་ལ་ཞུགས་སྐབས་ཀྱི་མཐོང་ཐོས་སྐོར་ངོ་སྤྲོད་གནང་དོན། བོད་ཆོལ་ཁ་གསུམ་གྱིས་ཞི་བའི་ངོ་རྒོལ་བྱེད་དོན་ནི་སྐྱིད་དྲག་ནས་སྡོད་མ་ཚུགས་པ་དེ་འདྲའི་འོག་ནས་བྱུང་བ་གཏན་ནས་མ་ཡིན་པར། ང་རང་སྒེར་ཡིན་ཡང་སྐྱིད་དྲག་པ་དང་བཟའ་རྒྱུ་མང་དྲག་ནས་ངོ་རྒོལ་ལ་ཞུགས་པ་མིན། རང་ཉིད་འུ་ཐུག་སྟེ་ངོ་རྒོལ་ལ་ཞུགས་པ་ཡིན། སྔར་ལོའི་ཟླ་ ༣ ཚེས་ ༢༤ ཉིན་གུས་པ་གྲོང་སྡེ་ནས་དགོན་པར་ཆུའི་ཡུར་བ་བསྐོ་རུ་སླེབས་ཡོད་ལ། དགོན་པ་ནི་རིའི་ངོས་སུ་ཡོད་པ་དང་མི་མང་གིས་ཞི་རྒོལ་གནང་ས་དེ་རི་ངོས་ཀྱི་ཐང་དུ་ཡོད། ཏྲེ་ཧོར་ལྕོག་རི་ངང་སྒོང་བཙུན་དགོན་གྱི་བཙུན་མ་ཚོས་སྐད་འབོད་བྱེད་སྐབས་རྒྱ་དམག་གིས་མེ་མདའ་བརྒྱབས་པ་ཐོས་ཐུབ་པ་དང་། བོད་མི་ཚོར་རྒྱ་ནག་གིས་ཕྱོགས་གང་ས་ནས་སྡུག་པོ་མང་པོ་བཏང་བས་མ་གཞི་ནས་སེམས་སུ་ན་ཚ་ཡོད་པར་བརྟེན། མེ་མདའི་སྒྲ་གོ་བ་དང་ལས་ཀ་ལས་མཚམས་བཞག་ནས་གྲོང་མི་ཚོ་གཅིག་ཤོར་གཉིས་ཤོར་གྱིས་ཞི་རྒོལ་གནང་སར་འབྱོར་བ་དང་། སྐབས་དེར་ཞི་རྒོལ་ཐེངས་དང་པོ་ལངས་ཚར་ཙམ་རེད་མོད། ང་ཚོ་འབྱོར་བ་དང་སླར་ཡང་མི་མང་ ༣༠༠ ལྷག་གིས་ཞི་བའི་སྐད་འབོད་བྱས་པ་ཡིན། སྐབས་དེར་སླར་ཡང་རྒྱ་དམག་གིས་མེ་མདའ་བརྒྱབས་ཏེ་རང་ལོ་ ༡༨ དང་ ༢༠ བར་གྱི་གྲྭ་བ་ཞིག་ལ་མེ་མདའ་ཕོག་སྟེ་འགྱེལ་སོང་ལ། སྐབས་དེར་ང་རང་གི་སེམས་ཀྱིས་མ་བཟོད་པར་གྲྭ་བ་དེ་ཡར་སྐྱོར་བ་ཡིན། དེ་མ་ཐག་གུས་པའི་མཁལ་མའི་རྒྱབ་ཕྱོགས་སུ་མདེའུ་གཅིག་ཕོག་ནས་མདུན་ལ་ཕུག་པ་དང་། དེ་ནས་སླར་ཡང་ལག་པ་གཡོན་པའི་གྲུ་མོར་མདེའུ་གཅིག་ཕོག་སྟེ་གྲྭ་བ་དེ་ལག་ནས་ཤོར་སོང་། དྲན་པ་སོས་སྐབས་གྲོང་མི་ཅིག་གི་ནང་དུ་ཁྲིད་འདུག དྲན་པ་གསལ་མི་གསལ་ལ་ཆགས་ཏེ་ཏོམ་ཙམ་བསྡད་སྐབས། གྲོང་སྡེ་དེར་ཡང་བསྐྱར་དམག་མི་ཡོང་གི་འདུག་ཟེར་བས་རི་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་། ཟླ་བ་དྲུག་ཙམ་ལ་ཉལ་ནས་སྡོད་དགོས་བྱུང་ལ། རྨ་ཁར་གཟེར་རྒྱག་སྐབས་དྲན་པ་འཐོར་བ་སོགས་བྱེད་ཀྱང་རྒྱ་གཞུང་གིས་འཇུ་བཟུང་བཀའ་རྒྱའི་ཡིག་ཆ་ས་གནས་གང་སར་བཀྲམས་པར་བརྟེན་སྨན་ཁང་ལ་འགྲོ་མ་ཐུབ་པ་སོགས་ཀྱིས་རྨ་ཁར་འབུ་དང་རྣག་བརྒྱབས་ཏེ་ཤ་རྣམས་རུལ་བ་དང་རྨ་ཁ་ནས་རུས་པ་ཆུང་ངུ་རྣམས་ཕྱིར་ཐོན་པས། རྨ་ཁ་གྲིས་བཏུབ་ནས་རྨ་ལས་བྱས་ཏེ་རྣག་ཕྱིར་བཏོན་པའི་ཐབས་ཤེས་སྣ་ཚོགས་བྱས་ཀྱང་དྲག་སྐྱེད་མ་བྱུང་། དེ་བཞིན་བོད་མི་མང་པོར་ཁ་བྲལ་རིང་ལུགས་པ་སོགས་ཀྱི་མིང་ངན་འདྲ་མིན་གྱི་ཉེས་འཛུགས་འོག  ཆོལ་ཁ་གསུམ་གྱི་དཔའ་བོ་དཔའ་མོ་མང་པོ་ཞིག་ལ་ཉེས་མེད་སྙོན་འཛུགས་ཀྱིས་ཚེ་བཙོན་དང་ཁ་ཤས་ལ་ལོ་ངོ་ ༡༠ ནས་ ༢༠ སོགས་ཀྱི་ཁྲིམས་ཐག་བཅད་པ། ལག་ཏུ་མ་སོན་པའི་བྲོས་བྱོལ་བ་རྣམས་རི་ལུང་དང་། ཤིང་ནགས། རྫ་གསེབ་སོགས་སུ་རི་དྭགས་བཞིན་མཚན་མོ་གཉིད་ཀྱང་མི་ཁུག་པར་སྡུག་བསྔལ་མྱོང་བཞིན་པའི་དངོས་ཡོད་གནས་ཚུལ་འདིའི་དོན་དུ། མ་ཤི་སྔོན་དུ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་མཆོག་ལ་མཇལ་བཅར་གྱི་སྐལ་བ་དང་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་ནག་གི་འོག་ཏུ་མྱོང་བཞིན་པ་རྣམས་ཁྱབ་བསྒྲགས་ཀྱི་དཔང་རྟགས་ཤིག་བྱ་ཐུབ་ན་སྙམ་སྟེ་ཐབས་ཤེས་སྣ་ཚོགས་ཀྱིས་སྐྱབས་བཅོལ་ལ་ཡོང་བ་ཡིན། ཞེས་གསུངས་བྱུང་ལ། ཡང་ཁོང་གིས། རྒྱ་ནག་གིས་ང་ཚོ་བོད་ཟེར་བ་འདི་རྩ་མེད་བཟོ་བར་ཐབས་ཤེས་འཐེན་གྱིན་ཡོད། དཔེར་ན་ཞིང་པ་ཚོར་རྒྱ་སྒོར་ཁ་ཤས་སྤྲད་དེ་ས་ཞིང་ནང་དུ་རྩྭ་དང་ཤིང་འདེབས་འཇུག་གི་ཡོད། དངུལ་ནི་དུས་ཡུན་ཐུང་ཐུང་ནང་རྫོགས་འགྲོ་གིན་རེད་ལ་མང་ཚོགས་ལ་ཕུགས་ཀྱི་འཚོ་རྟེན་བརྟན་པོ་མེད་པ་བཟོ་གིན་ཡོད། འབྲོག་པ་ཚོར་མཚོན་ན་འབྲོག་པ་རི་ནས་སྡོད་དུ་མ་བཅུག་པར་རོང་ལ་ཁྲིད་ནས་རོང་པའི་ས་ཆར་ཁང་པ་བརྒྱག་ཏུ་བཅུག་པ་དང་དེར་རྒྱ་སྒོར་རེ་སྤྲད་དེ་ལོ་ཤས་ལ་སྡོད་ཐུབ་པའི་འཚོ་རྟེན་སྤྲད་རྗེས། རི་གང་སར་ལྕགས་ར་འཐེན་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱིན་ཡོད་ཟེར་གྱིན་ཡོད་པ་རེད། འདི་ཚང་མ་དངོས་ཡོད་བོད་མི་ལ་ཕན་དང་མ་ཕན་ཟེར་བ་ལ་བསམ་བློ་གཏོང་དགོས། རེ་བ་གཅིག་ཞུ་རྒྱུ་ནི་ཁྱེད་ཚོ་གསར་འགོད་པ་སུ་ཡིན་ཡང་བོད་མི་རིགས་ཀྱི་བདེ་སྡུག་ལ་སེམས་གཏིང་ནས་དོ་སྣང་གནང་གི་ཡོད་ན། བོད་ནང་དུ་བསྐྱོད་དེ་བོད་མི་མང་གི་སེམས་གཏིང་ན་ཡོད་པའི་རེ་སྨོན་དང་སྐད་ཆར་ཉན་རོགས། གནས་སྟངས་ལ་ཞིབ་མཇུག་གནང་རོགས། དེ་མ་ཡིན་པར་རྒྱ་ནག་གཞུང་ལ་སྙན་ཞུ་བརྒྱབ་ནས་དེའི་རྗེས་འབྲེལ་ཡོད་སྲིད་གཞུང་གི་ལས་ཁུངས་ཁག་གིས་མི་མང་ལ་གསར་འགོད་པའི་མདུན་ནས་སྐད་ཆ་ཡག་པོ་མ་བཤད་ན་ནང་མི་ཚང་མ་ཁྲིམས་ལ་སྦྱར་རྒྱུ་ཡིན་པར་བཙན་བཀའ་གཏོང་གི་རེད་ལ། ལྷག་པར་དུ་མི་ཚང་སྐྱོ་བོ་དེ་ཚོར་རྒྱ་ལམ་འགྲམ་དུ་ཁང་པ་ཡག་པོ་བརྒྱབས་ཏེ་དངུལ་སྤྲད་པ་དང་དེ་ནས་གསར་འགོད་པ་ཚོའི་མདུན་ལ་སྐད་ཆ་སྙན་པོ་བཤད་དུ་བཅུག་པ། དེ་ཚོ་བརྙན་ཕབ་བྱས་ཏེ་་དྲིལ་བསྒྲགས་བྱས་པ་དང་མི་རྣམས་ཀྱིས་རྒྱ་མི་དེ་འདྲའི་སྡུག་ཅག་མི་འདུག་ཨང་བསམ་པའི་ཚོར་བ་སྟེར་གི་རེད།  ཁྱེད་ཚོས་ཤེས་གསལ་བཞིན་རྒྱ་ནག་གི་ཁྲིམས་ནི་ལྕགས་རེད། ལྕགས་རྐྱང་རྐྱང་གིས་མིའི་ཤ་ལ་བཟོ་ལྟ་བཟོ་གིན་རེད། དེ་ཡིན་དུས་གསར་འགོད་པ་ཚོས་རྟོགས་ཞིབ་ངོ་མ་བྱས་ཏེ་བོད་མི་མང་ཚོགས་ཀྱི་སེམས་ནང་གི་སྐད་ཆ་དང་གནས་སྟངས་ལ་ཞིབ་འཇུག་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

དེའི་རྗེས་ཞི་རྒོལ་བ་འདི་དག་གི་སྙིང་སྟོབས་ལ་བསྔགས་བརྗོད་དང་ཡི་རངས་ཕྱིར་བོད་ཀྱི་གཞོན་ནུ་ཚོགས་གཙོ་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་རྒྱལ་གཅེས་པ་འདི་དག་ལ་མཇལ་དར་སྒྲོན་ཏེ་གསར་འགོད་གསལ་བསྒྲགས་འདི་མཇུག་བསྡུས་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

18 thoughts on “གཞིས་ལུས་རྒྱལ་གཅེས་པ་བཞི་ངྷ་སར་འབྱོར།

  1. དོན་འགྲུབ་བཀྲ་ཤིས།

    རླབས་ཆེནགྱི་མི་སྣ་འདི་དག་ལ་ད་ནི་དུས་དང་ནམ་པ་ཀུན་དུ་དཀའ་སྡུག་གི་དུས་ཤིག་མི་སླེབས་པར་སྨོན།

  2. ཁྱེད་ཅག་འདིར་འབྱོར་བ་ཡག་པོ་རེད་བཀྲ་ཤིས་བདེ་ལེགས་ཡོད་དང་ཡོད། འོན་ཀྱང་ས་སྡུག་འདི་ནས་སྙིང་སྟོབས་ལྕག་གི་གོང་བུ་དེ་བྱེ་མའི་འཆང་བུ་ལྟ་བུར་མི་འགྱུར་རྒྱུ་ཧ་ཅང་གལ་ཆེ། ས་འདི་ནས་དཔའ་བོ་མང་བོ་བརླགས་སོང་ལ་ད་དུང་གཟབ་གཟབ་མ་བྱས་ན་མང་བོ་བརླག་ངེས་རེད། ངས་ཁ་ཡག་དང་ངོ་དགའ་མང་བོ་བཤད་མི་ཤེས་པས་དགོངས་འགལ་ཡེ་མེད་ཞུ།