སློབ་ཆེན་མཐར་ཕྱིན་སློབ་མ་ ༦༨༠ ཉེན་རྟོག་པ་བཟོས་འདུག

√                        
མཚོ་སྔོན་ས་ཁུལ་དུ་ཉེན་རྟོག་པ་གསར་བ་བསྡུ་རུབ་བྱ་དོན་ནི། བོད་རིགས་སློབ་ཆེན་པ་རྣམས་སློབ་མཐར་ཕྱིན་རྗེས་ལས་ཞུགས་མ་ཐུབ་པར་སྤྱི་ཚོགས་ཁྲོད་མི་རིགས་འཐབ་རྩོད་དང་ངོ་རྒོལ་གྱི་སྣེ་འཁྲིད་མཁན་དུ་འགྱུར་བཞིན་ཡོད་པའི་གནས་སྟངས་ཞི་འཇགས་ཡོང་ཐབས་དང་། བོད་ཁུལ་དུ་ཉེན་རྟོག་པའི་དཔུང་སྡེ་སྲ་བརྟན་དུ་བཏང་སྟེ་སྤྱི་ཚོགས་ཁྱོན་ཡོངས་ལ་བཀག་སྡོམ་དང་དྲག་གནོན་བྱ་ཆེད་ཡིན་འདུག

བོད་ནས་མིང་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་གསར་ཁང་ལ་བརྗོད་པ་ལྟར་ན། ལོ་སྔོན་མར་བོད་ནང་ཞི་བའི་ངོ་རྒོལ་བྱུང་བ་ནས་བཟུང་རྒྱ་གཞུང་གིས། བོད་ས་ཁུལ་དུ་དམག་མི་འབོར་ཆེན་གནས་སྤོར་བྱས་ཏེ་བོད་མི་ཚོར་དམ་དྲག་བྱས་དང་བྱེད་བཞིན་ཡོད་ནའང་། ལོ་འདིའི་སྤྱི་ཟླ་གསུམ་པ་ནས་བཟུང་རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོང་གཏོགས་ཀྱི་བོད་པའི་ཁུལ་དང་རྫོང་། ཞང་སོགས་རིམ་པར་དྲག་ཆས་དམག་མི་དང་ས་གནས་ཉེན་རྟོག་མི་སྣའི་གྲངས་འབོར་མང་དུ་གཏོང་ཆེད་ཡིག་ངག་གཉིས་ཀྱི་ཐད་ནས་རྒྱུགས་བླངས་ཏེ་ཉེན་རྟོག་མི་སྣ་གསར་བ་བསྡུ་རུབ་བྱས་ཡོད་འདུག། ཐེངས་འདིའི་ཡིག་རྒྱུགས་ཀྱི་ཐོག་མའི་ཆ་རྐྱེན་ནི་ངེས་པར་དུ་མཚོ་སྔོན་ས་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མ་ཡིན་དགོས་པ་ལས། ཁྲིམས་འཛིན་སློབ་གྲྭའི་ཆེད་ལས་ཡིན་མིན་ལ་མ་ལྟོས་བར་ཆེད་ལས་ངེས་མེད་ཀྱི་སློབ་མ་བསྡུ་རུབ་དང་། སློབ་མཐར་ཕྱིན་སྟེ་ལས་མེད་དུ་ལུས་པའི་ཁྲོད་བསྡུ་རུབ་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་བོད་ཀྱི་ས་ཁུལ་གང་སར་མི་རིགས་དབྱེར་མེད་ཀྱི་སློབ་ཆེན་པ་ཚོར་འདི་ལོའི་ཟླ་ ༤ པའི་ཚེས་ ༢༥དང་ ༢༦ ཉིན་གཉིས་རིང་ཞིང་ཆེན་དང་ཁུལ། རྫོང་སོགས་སུ་ཡིག་རྒྱུགས་བླངས་ཏེ་བསྡུ་རུབ་བྱས་ཡོད་འདུག

ཐེངས་འདིའི་ཉེན་རྟོག་མི་སྣ་བསྡུ་རུབ་ཁྲོད་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཉེན་རྟོག་མི་སྣ་ ༣༤ བསྡུ་རུབ་བྱས་ཡོད་པ་དང་། མཚོ་ཤར་བོད་རིགས་རང་སྐྱོང་ཁུལ་དུ་ ༢༨།  མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་དུ་ ༡༣༠། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ ༩༧།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ ༡༠༡།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ ༡༠༨།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ ༩༡།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ ༩༡ བཅས་བསྡུ་རུབ་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་བོད་ཀྱི་རང་སྐྱོང་ཁུལ་བདུན་ནང་ཁྱོན་སྡོམ་ཉེེན་རྟོག་མི་སྣ་ ༦༨༠ བསྡུ་རུབ་བྱས་ཡོད་འདུག ཁོང་ཚོས་ཐེངས་འདིའི་ཉེན་རྟོག་མི་སྣ་བསྡུ་རུབ་བྱ་ཡུལ་གཙོ་བོ་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ལས་གནས་མེད་པར་ལོ་མང་འགོར་བའི་སློབ་མ་དང་མཐར་ཕྱིན་ལ་ཉེ་བའི་སློབ་མ་དག་ཡིན་འདུག

རྒྱ་གཞུང་གིས་དམིགས་ཡུལ་གཉིས་ཀྱི་སྟེང་ནས་ཐེངས་འདིར་མི་སྣ་བསྡུ་རུབ་ཀྱི་ཐབས་ལམ་གསར་བ་འདི་བེད་སྤྱོད་བྱས་ཡོད་འདུག  དམིགས་ཡུལ་དང་པོ་ནི།  བོད་རིགས་སློབ་ཆེན་སློབ་མ་རྣམས་སློབ་མཐར་ཕྱིན་རྗེས་ལས་ཞུགས་མ་ཐུབ་པར་སྤྱི་ཚོགས་སྟེང་ལུས་ཡོད་སྟབས། དེ་དག་སྤྱི་ཚོགས་ཁྲོད་མི་རིགས་འཐབ་རྩོད་དང་ངོ་རྒོལ་གྱི་སྣེ་འཁྲིད་མཁན་དུ་འགྱུར་བཞིན་ཡོད་པའི་གནས་སྟངས་ཞི་འཇགས་ཡོང་ཐབས་དང་། གཉིས་པ། བོད་ཀྱི་ས་ཁུལ་དུ་ཉེན་རྟོག་པའི་དཔུང་སྡེ་གསར་བ་འཛུགས་སྐྲུན་དང་ཇེ་བརྟན་དུ་བཏང་སྟེ་སྤྱི་ཚོགས་ཁྱོན་ཡོངས་ལ་བཀག་སྡོམ་ནན་མོ་བྱ་རྒྱུའི་དམིགས་ཡུལ་ཡིན་འདུག།དེ་བཞིན་རྒྱ་ནག་ནང་ཁུལ་གྱི་རྒྱ་ནག་ཧེ་ནན་གླིང་ཕྲན་གྱི་ས་ཁུལ་ཁག་ཅིག་དུའང་བོད་ཀྱི་སློབ་ཆེན་སློབ་མ་ ༡༠༠ ལྷག་སྤྱི་བདེ་ཉེན་རྟོག་པའི་ལས་གནས་སུ་བསྡུ་རུབ་བྱེད་ཀྱིན་ཡོད་སྟབས།  བོད་ནང་གི་སློབ་ཆེན་པ་ཚོས་འདི་ནི་བོད་རང་གི་ས་ཁུལ་དུ་བོད་མིའི་ཉེན་རྟོག་མི་སྣ་ཇེ་མང་དུ་བཏང་སྟེ་ད་ཡོད་འཐབ་རྩོད་ཀྱི་ངོ་བོར་འགྱུར་བ་གཏོང་ཆེད་དང་མ་འོངས་པའི་མི་རབས་རྗེས་མའི་འཐབ་རྩོད་ཀྱི་འདུན་པ་རྩ་གཏོར་བྱ་ཆེད་ཀྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “སློབ་ཆེན་མཐར་ཕྱིན་སློབ་མ་ ༦༨༠ ཉེན་རྟོག་པ་བཟོས་འདུག