ཐབས་ཤེས་ཡོད་རྒུ་བྱས་རྗེས་ང་རང་བོད་ནས་བལ་ཡུལ་དང་། དེ་རྗེས་བལ་ཡུལ་ནས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་རུ་འགྲོ་ཐུབ་པ་བྱུང་། འོན་ཀྱང་ས་དེར་སླེབས་པ་དང་ངའི་སེམས་ལ་འགྱོད་སྣང་དང་འཇིགས་སྣང་གཉིས་ཀ་ཤར།
གྲོང་ཁྱེར་དེར་བོད་མི་སྟོང་ཕྲག་གསུམ་ཙམ་ཡོད་ནའང་བོད་མིའི་སློབ་གྲྭ་གཅིག་ཀྱང་མེད་ལ། བོད་རིགས་ནང་ཁུལ་དུ་བལ་ཡུལ་ནས་སླེབས་པ་དང་རྒྱ་གར་ནས་སླེབས་པ་ཞེས་ཕྱོགས་འཛིན་བྱེད། ལྷག་པར་དུ་བོད་རིགས་གནས་ཡུལ་ས་ཁུལ་དེར་དུག་རྫས་ཉོ་སྤྱོད་བྱེད་མཁན་མང་བས། ལོ་གཞོན་བོད་རིགས་མང་པོ་དུག་རྫས་ཀྱིས་བརླག་ཚར་འདུག
ངའི་འཇིགས་སྣང་ཆེ་ཤོས་ནི། ཁུལ་དེར་བོད་ཕྲུག་སྟོང་ཕྲག་ཙམ་ཡོད་ཀྱང་འཛིན་རིམ་བཅུ་གཉིས་ཀྱི་ཚད་ལྟ་བུའི་སློབ་སྦྱོང་མཇུག་འཁྱོལ་ཐུབ་མཁན་ཧ་ཅང་ཉུང་བ་དེ་རེད། ཕ་མ་ཚོ་ལས་ཀར་བྲེལ་ཏེ་ཕྲུ་གུར་མི་ལྟ་བ་དང་། ཕྲུ་གུ་ཚོས་སློབ་སྦྱོང་མ་བྱས་པར་དགའ་རོགས་བསྒྲིགས་པ་དང་དུག་རྫས་འཐེན་པ། འཁྱམས་མྱུལ་བྱེད་པ་བཅས་ལ་བརྟེན། ངས་བསམ་གྱིན་བསམ་གྱིན་རང་ཉིད་ཡོང་ས་དེ་ནོར་འདུག་དྲན།
ངས་རང་གི་ཕྲུ་གུ་གཉིས་དེ་ལྟར་འཕྲོ་བརླག་གཏོང་འདོད་མེད། འོན་ཀྱང་ཁང་གླ་དང་ཟས་རིན་འཚོལ་དགོས་པས། ངས་ཕྲུ་གུར་གཅེས་སྐྱོང་བྱས་ནས་སྡོད་ཐབས་མི་འདུག དུས་ཚོད་རིམ་གྱིས་སོང་བ་དང་མཉམ་དུ་ངའི་བུ་རྒན་པས་སློབ་བྱོལ་བྱེད། ཁོས་ཁྱིམ་དུ་བོད་སྐད་སྤྱོད་ཚད་ཉུང་དུ་སོང་། ངས་གཤེ་གཤེ་དང་ཉེས་རྡུང་གཏོང་སྐབས། ཁོས་ཉེན་རྟོག་པ་བོས་ཡོང་། ང་ལ་འགྱོད་སྣང་ཤར། ངས་ང་རང་འདིར་འགྲོ་སོང་འབུམ་མང་པོ་བཏང་སྟེ་སོ་སོའི་ཕྲུ་གུ་འཕྲོ་བརླག་གཏོང་བར་ཡོང་བ་མིན་ནམ་སྙམ་པའི་དོགས་པ་ཤར།
ངའི་བུ་མོ་ཆུང་ཆུང་གི་ངག་ལ་དབྱིན་ཚིག་བརྒྱ་རེའི་གོ་སར་བོད་ཚིག་གཅིག་ཀྱང་ཨེ་ཡོད་སྙམ། ངེད་བཟའ་མི་གཉིས་ཀྱིས་གང་ཐུབ་ཀྱིས་བོད་སྐད་བཤད་ཀྱང་། ངེད་གཉིས་མ་ཡིན་པའི་གཞན་ཚང་མ་སྟེ། ཁ་པར་དང་བརྙན་འཕྲིན། གླུ་གཞས། གྲོགས་པོ་གྲོགས་མོ། གློག་བརྙན། དགེ་རྒན། སྨན་པ། ཞབས་ཞུ་བ་སོགས་ཚང་མས་དབྱིན་སྐད་སྨྲ་བས། ང་ལ་ཁ་སྟོང་དང་ལྕེ་འབུམ་ཡོད་ཀྱང་དེ་དག་གི་ཁ་གཏད་གཅོག་ཐབས་ཤིག་མི་འདུག ངས་སྒོར་འབུམ་མང་པོ་བཏང་སྟེ་རང་གི་ཕྲུ་གུ་གཉིས་བོད་མི་མ་ཡིན་པར་བསྒྱུར་བར་ཡོང་བ་མིན་ནམ་དྲན།
ངས་དེ་ལྟར་ལོ་གསུམ་མ་ཟིན་ཙམ་དཀའ་ལས་བརྒྱབ་རྗེས་མཐའ་མ་ནང་མི་ཚང་མའི་ཁ་གཏད་དུ་ལངས། ངས་དགོང་མོ་ཞིག་ཁྱིམ་ཚང་གི་ཕ་རྒན་གྱི་མིང་ཐོག་ནས་ངེད་ཚོ་རྒྱ་གར་ལ་ལོག་རྒྱུ་གཏན་འཁེལ་བ་ཡིན་ཞེས་བཤད། ཟླ་བ་ལྔ་ཙམ་གོང་ང་ཚོ་ཚང་མ་ལོག་ཡོང་སྟེ་རྡོ་རྗེ་གླིང་ལ་གནས་བཅས། འོན་ཀྱང་ངའི་ཕྲུ་གུ་རྒན་པས་ཟླ་བ་གཅིག་ལས་མ་སོང་གོང་ཁེ་ན་ཌར་ཕྱིར་ལོག་བྱས་སོང་། ཁོ་ལོ་བཅོ་བརྒྱད་སོན་མ་ཐག་པ་རེད་ལ་ཁེ་ན་ཌའི་མི་སེར་ཡིན་པས། ངས་འགོག་ཐབས་མི་འདུག
ནང་མི་ཁ་བྲལ་དུ་སོང་བས་ཁྱིམ་ཚང་ནང་མི་མཐུན་པ་མང་། འདི་ཁུལ་གྱི་བོད་མིའི་སློབ་གྲྭའི་གནས་ཚད་ཞན་པས། ང་ཡང་སོ་སོའི་བུ་མོའི་མདུན་ལམ་ལ་སེམས་ཁྲལ་སྐྱེ་བཞིན་ཡོད།