ཉིན་འགའི་སྔོན་རྒྱ་དམག་ཕོན་ཆེན་ཡོང་སྟེ་འཇོ་མདའ་རྫོང་དངུལ་མདའ་རུ་བའི་བོད་མི་རྣམས་ཀྱི་ཁྲོད་མེ་མདའ་གང་བྱུང་འཕངས་པ་དང༌། ལྕགས་དབྱུག་བཞུས་པ། དུག་རླངས་གཏོར་བ་སོགས་བྱས་ཏེ་བོད་མི་མང་པོར་རྨས་སྐྱོན་བཏང་ཡོད་འདུག
འདི་གར་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། ཕྱི་ཟླ་ ༥ ཚེས་ ༣༠ ཙམ་ནས་ཆབ་མདོ་ཁུལ་དང༌། འཇོ་མདའ་རྫོང་ཁོངས་འདན་ཆོས་འཁོར་ཕྱོགས་བཅས་ནས་རྒྱ་དམག་རླངས་འཁོར་ཆེ་བ་ ༦༠ ཙམ་དང༌། ཆུང་བ་ཁ་ཤས་བཅས་འཇོ་མདའ་རྫོང་དུ་སླེབས་པ་དང༌། ཆབ་མདོ་ས་ཁུལ་དང༌། འཇོ་མདའ་རྫོང༌། ཤང་སོ་སོ་བཅས་ཀྱི་ལས་དོན་རུ་ཁག་ཡོང་ནས་བོད་མི་རྣམས་ལ་ཞིང་ཁ་འདེབས་དགོས་པའི་བཙན་བཀའ་བཏང་བ་མ་ཟད། མཐར་འཇོ་མདའ་རྫོང་ཁྲེན་ཀང་གྲེང་ཞེས་པའི་ཁོངས་གཏོགས་ནས་གྲོང་ཚོ་སོ་སོ་བྱས་ཏེ། རྒྱན་རྒྱག་བཅུག་རྗེས་དངུལ་མདའ་རུ་བར་རྒྱན་དང་པོ་བབས་སྐད་ཀྱིས་ཞིང་ཁ་རྨོ་དགོས་པའི་སྐོར་བཤད་སྐབས་ས་གནས་བོད་མི་མང་པོ་མཉམ་འཛོམས་གྱིས་རྒྱ་ཡི་ལས་བྱེད་འདུག་སའི་ཁང་པ་ཁག་གི་སྒོ་དང་སྒེའུ་ཁུང་གཏོར་བ་སོགས་བྱས་སྐབས་ལས་བྱེད་ཚོས་རྒྱ་དམག་ལ་ཁ་པར་བཏང་བར་བརྟེན། རྫོང་གི་ཉེ་འགྲམ་སྣུམ་ལྡུག་ས་ཚིགས་ཀྱི་ཕྱོགས་ནས་རྒྱ་དམག ༣༠༠ ཙམ་ཡོང་ཏེ། བོད་མི་རྣམས་ཀྱི་ཁྲོད་མེ་མདའ་གང་བྱུང་འཕངས་པ་དང༌། ལྕགས་དབྱུག་བཞུས་པ། དུག་རླངས་གཏོར་བ་སོགས་བྱས་ཏེ་བོད་མི་མང་པོར་རྨས་སྐྱོན་བཏང་ཡོད་འདུག
དེ་དག་ཁྲོད་ཚེ་རིང་ཞུ་བ་ཞིག་གི་ལག་པར་མེ་མདའ་ཕོག་ཡོད་ཀྱང༌། ད་དུང་སྨན་ཁང་དུ་ཁྲིད་ཡོད་མི་འདུག་ལ། དཔའ་དགའ་དང༌ལྷ་དར་གཉིས་ལ་ལྕགས་དབྱུག་བཞུས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་རྗེས་རྒྱ་དམག་གིས་ཁྲིད་དེ་ད་ལྟ་གར་ཡོད་ཤེས་རྟོགས་མི་འདུག བསམ་དགའ་ཞེས་པའི་ཁ་ནང་དུ་མེ་མདའ་བཙུགས་ནས་ལྕགས་དབྱུག་བཞུས་པས་ཆབ་མདོ་རུ་ཁུར་ཡོད་སྐད་དང་ཕལ་ཆེར་ཤི་ཟིན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག བོད་མི་ཕལ་ཆེ་བ་འཛིན་བཟུང་བྱས་སྐབས་ཝ་ར་དགོན་དང༌། འཇོ་ཕུ་དགོན་པའི་ལས་སྣེ་དང༌། བོད་མི་བསམ་ཡོད་ཁག་ཅིག་གིས་བར་འདུམ་ལྟ་བུ་བྱས་ཡོད་ཀྱང༌། བསོད་ནམས་དཔལ་མོ་དང༌བློ་བཟང་དཔལ་ལྡན། ཡེ་ཤེས་རྡོ་རྗེ་གསུམ་གཏེ་བོ་ཡིན་པར་ཉེས་འཛུགས་ཀྱིས་མུ་མཐུད་བཀག་ཉར་བྱས་ཡོད་འདུག དེའི་ཕྱི་ཉིན་རྒྱ་དམག་རྣམས་གྲོང་ཚོའི་དུད་ཀ་སོ་སོའི་ནང་འཛུལ་ཏེ། སྐྱེས་པ་རྣམས་གཅར་རྡུང་བྱེད་བཞིན་ཁྲིད་པ་དང༌། བུད་མེད་རྣམས་ལ་གཡག་བསྡུ་རུབ་བྱེད་བཅུག་ཡོད་འདུག བོད་མི་སྐྱེས་པ་ཕལ་ཆེ་བ་སྔོན་མ་ནས་རི་ལ་བྲོས་ཟིན་ཡོད་པ་དང༌། ད་ལྟ་རྩྭ་འཐུ་ནས་རྔ་སོགས་སྤངས་ཟིན་པའི་དགེ་བསྙེན་གྱི་སྡོམ་པ་ཞུས་ཟིན་པའི་རྒས་པོ་མང་པོ་ཞིག་ལྷག་ཡོད་པ་རྣམས་ལ་བཙན་བཀའ་བཏང་ཞིང༌། མདུན་རྒྱབ་བསྐོར་ཏེ་བཙན་ཚུགས་ཀྱིས་ཞིང་ཁ་རྨོ་རུ་འཇུག་གིན་ཡོད་འདུག
སྤྱིར་བཏང་ཟླ་ཤས་སྔོན་ནས་བཟུང་རྫོང་དེའི་ཁོངས་དགོན་གསར་དགོན་དང༌། སྐུ་སེ་དགོན། ཅ་ཅེ་དགོན། གཏེར་སྟོན་དགོན། གདེང་ཕུ་དགོན། བྲོ་རྡུང་དགོན། དཔལ་ཆེན་དགོན། རྒྱུ་ནེ་དགོན་བཅས་སུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་བཞིན་ཡོད་འདུག་ཅིང༌། གྲྭ་པ་རྣམས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མ་ནུས་པར་རིམ་བཞིན་དགོན་པ་སྟོང་པ་ཆགས་བཞིན་ཡོད་འདུག ཉེ་ཆར་གནས་ཚུལ་དེ་ལྷགས་རྗེས་རྒྱུ་ནེ་དགོན་མཚན་མོ་དམག་མིས་བསྐོར་རྗེས་དམག་མི་རྣམས་རྒྱ་མཐོང་ནས་མར་མཆོངས་ཏེ་སྒྲུབ་ཁང་དང༌། མགོན་ཁང༌། ཚོགས་ཁང༌། གྲྭ་ཤག་སོགས་བསྔོག་བཤེར་བྱས་པ་དང༌། དགོན་པར་རྒྱུན་བཞུགས་སྒྲུབ་བླ་ ༨ ཡོད་པ་རྣམས་ལ་གཅར་བརྡུང་ཚད་མེད་བྱས་ཡོད་འདུག་པ་དང༌། ད་དུང་དཔལ་ཆེན་དགོན་གྱི་སྒྲུབ་བླ་རྣམས་ཀྱང་བརྡུང་ཡོད་འདུག ད་ལྟ་དགོན་པ་ཁག་ཏུ་གྲྭ་རྒན་བླ་རྒན་ཁ་ཤས་ལས་གྲྭ་པ་གཞན་རྣམས་ཕྱི་ལ་ཐོན་དགོན་བྱུང་ཡོད་འདུག སྟག་གཟིག་སྟོད་སྨད་གཉིས་དང༌། ལྷོ་སྟོད་མ་སོགས་ཀྱིས་ཁ་སྔོན་ས་ཞིང་འདེབས་ལས་བྱས་ཡོད་འདུག་ཀྱང་ད་ལྟ་བོད་མི་རྣམས་ལ་རྒྱ་གཞུང་གིས་དྲག་གནོན་རྡུང་རྡེག་བཏང་བར་གདུང་སེམས་མཉམ་བསྐྱེད་ཆེད་ཞིང་ཁར་དུད་འགྲོ་སེམས་ཅན་བཏང་ནས་བེད་མེད་དུ་བསྒྱུར་བཞིན་ཡོད་འདུག བཅས་བོད་མི་མང་སྤྱི་འཐུས་ཆབ་སྲིད་སྡེ་ཚན་ནས་བཏང་འབྱོར་བྱུང༌།
གནས་ཚུལ་འདིས་སྐྱོ་གདུང་ཞིག་དྲངས་འོང་གི
རྒྱ་བཙན་པོའི་གདུག་རྩུབ་ཇེ་ངན་རེད། །
བོད་གཉོམ་ཆུང་སྡུག་བསྔལ་ཇེ་ཆེ་རེད། །
རྗེ་རྒྱལ་བ་ཉེ་རིང་མེད་ནི་རེད། །
བོད་དམིགས་བསལ་སྐྱོབ་མཁན་དཀོན་ནི་རེད། །
བོད་དཔོན་པོའི་ལས་ཀ་གྱ་གྱུ་རེད། །
འབངས་སྡུག་བསྔལ་རྒྱུན་ཐག་བསྲིངས་བྱེད་རེད། །
རྒྱ་དམར་པོའི་འདོད་དོན་དེ་ག་རེད། །
ལས་འདི་ཚོར་བསམས་ན་སྐྱོ་བའི་རྒྱུ། །