དྲུག་བཞི་དྲན་པ། ནན་སེ་པེ་ལོ་སི།

ནན་སེ་པེ་ལོ་སི། ལུང་རིགས་རྒྱལ་གྱིས་བསྒྱུར།

མི་ལོ་ཉི་ཤུའི་སྔོན་གྱི་དེ་རིང་། རྒྱ་ནག་གི་སློབ་ཕྲུག་དང་ལས་མི། མི་སེར་བཅས་སྟོང་ཕྲག་འགས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཞི་བའི་གོམ་བགྲོད་བྱས། ཁོང་ཚོས་དམངས་གཙོའི་བཅོས་སྒྱུར་དང་། སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་། ལྐོག་ཟ་རུལ་སུངས་མཚམས་འཇོག་ཡོང་བར་འབོད་སྐུལ་ཞུས། མི་དམངས་བཅིངས་འགྲོལ་དམག་མི་སྟེ། མི་དམངས་ཀྱི་དམག་མི་རྣམས་མི་དམངས་ཀྱི་ཐོག་ལ་བེད་སྤྱོད་ལོག་པར་བཏང་སྟེ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ངོ་རྒོལ་བ་རྣམས་དང་། རྒྱ་ནག་རྒྱལ་ཡོངས་ནང་གི་ཆབ་སྲིད་ལྟ་བ་ལོག་ཀར་འཛིན་མཁན་ཡོངས་རྩ་མེད་བཟོས་ཤིང་། མི་གྲངས་སྟོང་ཕྲག་ལྷག་དམར་གསོད་བྱས། དེ་རིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་བློ་སྟོབས་དེ་རྒྱ་ནག་ནང་དང་འཛམ་གླིང་གང་སར་ལས་འགུལ་འདི་རྒྱུན་འཛིན་གནང་མཁན་རྣམས་དང་མཉམ་དུ་མུ་མཐུད་གནས་ཡོད།

བདུན་ཕྲག་སྔོན་མའི་ནང་དུ། ངས་གྲོས་ཚོགས་འཐུས་མི་འགའ་ཁྲིད་ནས་རྒྱ་ནག་ཏུ་ཕྱིན། འདས་པའི་ལོ་ ༢༠ རིང་རྒྱ་ནག་ལ་དཔལ་འབྱོར་གྱི་ཐད་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ནའང་། འགལ་ཟླ་དང་སྣེ་འཛིང་གི་རྙོག་དྲ་མུ་མཐུད་གནས་པའི་རྒྱལ་ཁབ་ཅིག་རེད། རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱིས་ཆབ་སྲིད་དབང་ཤུགས་འཛིན་སྟངས་ནི་མཐོང་དོད་པོ་ཞིག་འདུག་ནའང་། ཁོང་ཚོས་མུ་མཐུད་ནས་དྲ་རྒྱར་བཀག་འགོག་དང་། ཞི་བའི་སྒྲིག་འཛུགས་འོག་མི་འབོར་དུང་ཕྱུར་ ༡་༣ ལ་ལོ་རྒྱུས་ཀྱི་དོན་དངོས་ཤེས་པར་འཇུག་རྩིས་བྱེད་མཁན་རྣམས་བཙོན་དུ་འཇུག་གི་ཡོད།

ངའི་གཏམ་བཤད་དང་མཐོ་རིམ་མི་སྣའི་ཚོགས་འདུའི་སྟེང་དུ་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞིའི་ཐད་གླེང་མོལ་བྱས་པ་ཡིན། ཧྲང་ཧེ་རུ་ང་ཚོའི་ཐོག་མའི་ཐུག་འཕྲད་ནི་གནམ་བདག་ཆོས་ལུགས་ཀྱི་མཁན་པོ་ ཇིན་ ལགས་ཡིན་ལ། ཁོང་མཉམ་དུ་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་བབ་ཐད་བཀའ་མོལ་བྱུང་།

པེ་ཅིན་ནས་ངས་རྒྱ་ནག་གི་དབུ་ཁྲིད་ཚོའི་མཚན་ཐོག་ལ་ཡི་གེ་ཞིག་ཕུལ་ཏེ་བཙོན་པ་ངེས་ཅན་རིགས་ཤིག་གློད་དགོས་པའི་འབོད་སྐུལ་ཞུས་པ་ཡིན། དེ་དག་གི་ཁྲོད་ཀྱི་གཅིག་ནི་ལུའུ་ཞའོ་པོ་རེད། སྐུ་ཞབས་ལུའུ་ཡིས་རྒྱ་ནག་གི་ཚོགས་པ་གཅིག་གི་ལམ་ལུགས་ཀྱི་སྲིད་དབང་ལ་སྐྱོན་བརྗོད་དང་། དྲུག་བཞིའི་ལས་འགུལ་སྐབས་ཀྱི་སློབ་ཕྲུག་རྣམས་ལ་རྒྱབ་སྐྱོར་བྱས་པར་བརྟེན་ལོ་ ༥ རིང་བཙོན་འཇུག་དང་ངལ་རྩོལ་བསྒྱུར་བཀོལ་བྱས་ཡོད། རྒྱ་ནག་ནང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་བར་སྲིད་བྱུས་གསར་པ་འཛིན་དགོས་སྐོར་ལ་དྲ་ཐོག་གི་སྙན་ཞུ་རྩ་ཁྲིམས་ ༠༨ ཅེས་པ་གོ་སྒྲིག་བྱེད་མཁན་གྱི་གྲས་ཡིན་པར་བརྟེན། ལོ་སྔོན་མའི་ལོ་མཇུག་ལ་ཁོང་ཉིད་བསྐྱར་དུ་བཟུང་། སྙན་ཞུ་དེར་མི་གྲངས་ ༥༠༠༠ གིས་མཚན་རྟགས་བཀོད་ཡོད་པ་རེད། འདི་ལྟའི་སྙན་ཞུ་ལ་མཚན་རྟགས་འགོད་མཁན་དག་གི་བློ་སྤོབས་ལ་བསམ་བློ་ཞིག་ཐོངས་དང་། སྐུ་ཞབས་ལུའུ་ལ་ཁྲིམས་བཤེར་མེད་པར་མུ་མཐུད་བཀང་ཉར་བྱས་ཡོད་པ་རེད། ཐོས་ཚད་ལྟར་ན། ཁོང་ལ་རྒྱ་ནག་གི་ཁྲིམས་ལུགས་གཏོར་བཤིག་གི་ཉེས་མིང་འོག་ཁོང་གི་བཞུགས་ཤག་ཕྱི་རོལ་གྱི་ས་གནས་ཤིག་ཏུ་བཀག་ཉར་བྱས་ཡོད་པར་བཤད།

ཧོང་ཀོང་ནས་ང་ཚོ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་དབུ་ཁྲིད་དག་ལ་ཐུག་པ་ཡིན། ཡིན་ཡང་ངས་བདུན་ཕྲག་སྔོན་མར་རྒྱ་ནག་ནས་གང་མཐོང་བ་ནི་ཁོ་ཚོའི་རྒྱུན་མཐུད་པའི་དྲག་གནོན་ལ་མ་ལྟོས་པར། གནམ་བདེ་སྒོ་མོ་ཆེའི་བླ་སྲོག་དེས་མུ་མཐུད་ནས་རྒྱ་ནག་ནང་དང་ཕྱི་རྒྱལ་དུ་ཡོད་པའི་མི་རྣམས་ལ་སེམས་སྐུལ་ཐེབས་ཀྱིན་འདུག རྒྱ་ནག་རྒྱལ་ཡོངས་སུ་ལས་མི་དང་ཞིང་པ་རྣམས་ཀྱིས་ཕྱིར་ངོ་རྒོལ་བྱེད་ཀྱིན་འདུག རྒྱ་ནག་ཞུང་གིས་གནས་ཚུལ་འགོག་སྡོམ་གྱི་ཆེད་དུ་ Twitter དང་། Flickr དང་། Hotmail དང་། Huffington Post སོགས་ཚུད་པའི་དྲ་རྒྱ་རྣམས་སྒོ་བརྒྱབས་པར་བརྟེན། ཁོང་ཚོས་དྲུག་བཞིའི་དོན་རྐྱེན་ཤེས་ཀྱི་མེད་ཀྱང་སྲིད། ཡིན་ཡང་ཁོང་ཚོར་གཅིག་མཚུངས་ཀྱི་སེམས་ཁྲལ་དེ་ཡོད་པ་རེད།

ང་ལ་གྲོས་ཚོགས་སུ་ལས་དོན་གཙོ་བོ་གཉིས་ཡོད་པ་ནི་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་དང་ཁོར་ཡུག་སྲུང་སྐྱོབ་གཉིས་ཡིན། འདི་གཉིས་ནི་རྒྱ་ནག་གི་གནད་དོན་སྐོར་གླེང་དུས་མཉམ་གཅིག་ཏུ་ཡོང་གི་ཡོད། ཁོར་ཡུག་གཏོར་སྐྱོན་གྱིས་འཛམ་གླིང་སྟེང་གི་ཆེས་དབུལ་ཕོངས་ཀྱི་མི་རྣམས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ལ། འདི་ནི་ལྷག་པར་དུ་རྒྱ་ནག་ནང་དུ་དོན་དངོས་ཆགས་འདུག ཚོད་རྩིས་ལྟར་ན་རྒྱ་ནག་ནང་ལོ་རེར་ངོ་རྒོལ་ ༡༠༠༠༠༠ ལྷག་འབྱུང་གི་ཡོད་ལ་གྲངས་འབོར་དེ་མུ་མཐུད་ནས་འཕར་གྱིན་འདུག

ངའི་གྲོགས་པོ་ཧན་ཏོང་ཧྥང་ནི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཀྱི་དཔའ་བོ་གཅིག་ཡིན། ཁོང་གིས་ང་ལ་བཤད་དོན། དེང་སྐབས་རྒྱ་ནག་མི་དམངས་ཀྱིས་དམངས་གཙོ་ཞེས་པའི་འཕྲེད་དར་གཅིག་གི་འོག་ནས་རྒོལ་གྱིན་ཡོད་པ་མ་རེད། ཁོང་ཚོས་ཁྲིམས་འགལ་གྱི་བཙན་བཟུང་འོག་ཤོར་བཞིན་པའི་རང་གི་ས་ཆ་སྲུང་གི་ཡོད་པ་རེད། ཁོང་ཚོས་ས་གནས་རིམ་པ་ནས་ལྐོག་ཟ་རུལ་སོངས་ལ་རྒོལ་གྱིན་ཡོད་པ་རེད། ཁོང་ཚོས་མཚེའུ་དང་གཙང་བོ། ས་ཆ། མཁའ་དབུགས་བཅས་ཀྱི་ནང་འཐིམ་བཞིན་པའི་དུག་རྫས་དེ་འགོག་ཕྱིར་རྒོལ་གྱིན་ཡོད་པ་རེད། ཁོང་ཚོས་མི་དམངས་ལ་ཁག་འཁུར་བྱེད་མཁན་གྱི་གཞུང་ཞིག་ལ་དགོས་པར་སྐད་རྒྱག་གིན་ཡོད་པ་རེད། ཁོང་ཚོས་གུ་ཡངས་དང་ཕྱི་གསལ་ནང་གསལ་གྱི་སྲིད་བྱུས་ཤིག་གི་དོན་དུ་སྐད་རྒྱག་གིན་ཡོད་པ་རེད། ཁོང་ཚོས་དྲང་བདེན་གྱི་དོན་དུ་སྐད་རྒྱག་གིན་ཡོད་པ་རེད། འདི་དག་ཐམས་ཅད་ནི་ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་སྐོར་གླེང་དུས་ཀྱི་ང་ཚོའི་གོ་བ་ལེན་ཕྱོགས་དེ་ཡིན། ཟེར།

༡༩༩༡ ལོར་ང་རང་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གི་ངོས་ནས་རྒྱ་ནག་ལ་ཕྱིན་ཏེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་དམངས་གཙོའི་དོན་དུ་གཤེགས་མཁན་རྣམས་ཀྱི་ཆེད་དུ་འཕྲེད་དར་ཞིག་ཕྱར་བ་ཡིན། དེ་ནི་ངའི་ཆེད་ལས་ཀྱི་ནང་སྤོབས་པ་ཆེ་ཤོས་ཀྱིས་དུས་སྐབས་དག་གི་གཅིག་ཡིན། དེ་ནི་ངས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཀྱི་སྐད་ཆ་བཤད་པའི་གོ་སྐབས་ཤིག་ཏུ་གྱུར། གྲོས་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་ནས་ཕྱིན་པའི་བདུན་ཕྲག་སྔོན་མའི་ཕྱོགས་སྐྱོད་སྐབས། ང་ལ་རྒྱ་ནག་གི་སྲིད་འཛིན་དང་དབུ་ཁྲིད་གཞན་པ་རྣམས་དང་མཉམ་དུ་གདོང་ཐུག་ནས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནད་དོན་སྐོར་གླེང་རྒྱུའི་གོ་སྐབས་བྱུང་།

གཟའ་མིག་དམར་ཉིན། ཨ་རིའི་གྲོས་ཚོགས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་དེའི་མཐའ་འཁོར་ནས་མི་སེར་དང་ངོ་རྒོལ་བ་རྣམས་ལ་དྲག་གནོན་དང་དམར་གསོད་བྱས་ཏེ་ལོ་ ༢༠ འཁོར་བར་ངོས་འཛིན་གྱི་གྲོས་ཆོད་ཅིག་བཞག་སྟེ། སྐབས་དེའི་ངོ་རྒོལ་དང་འབྲེལ་ནས་བཙོན་དུ་བཅུག་པ་དང་མནར་གཅོད་བཏང་བ། བསད་པ་བཅས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་པར་བྱས་པ་དང་། རྒྱ་ནག་གཞུང་ལ་འབོད་སྐུལ་གྱིས་སྐབས་དྲུག་བཞིའི་ངོ་རྒོལ་ནང་ཞུགས་ཏེ་འཇུས་པ་རྣམས་གློད་གྲོལ་གཏོང་རྒྱུ་དང་། དོན་རྐྱེན་དེའི་ཐད་དྲང་བདེན་དང་འཐུས་ཚང་གི་ཞིབ་འཇུག་བྱ་དགོས་པར་ཞུས་ཡོད།

འདིི་དང་མཉམ་དུ། ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་མི་དམངས་དང་འཛམ་གླིང་གང་སར་གནས་བའི་རང་དབང་ལ་དགའ་བའི་མི་རྣམས་ལ་བཤད་རྒྱུར། ཁྱེད་ཚོའི་འཐབ་རྩོད་ནི་ང་ཚོའི་འཐབ་རྩོད་ཡིན། ང་ཚོས་ནམ་ཡང་མི་བརྗེད་ལ། ང་ཚོས་རྒྱ་ནག་ནང་གི་རང་དབང་ཆེད་མུ་མཐུད་ནས་གནོན་ཤུགས་སྤྲོད་ངེས་ཡིན། དེ་ལྟར་ཉིན་ཞིག་འཛམ་གླིང་སྟེང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ལ་མཐའ་མ་དེར་འཛམ་གླིང་སྟེང་གཞི་རྒྱ་ཆེ་ཤོས་ཀྱི་དམངས་གཙོ་ཞེས་འབོད་ཆོག་གི་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “དྲུག་བཞི་དྲན་པ། ནན་སེ་པེ་ལོ་སི།

  1. བོད། ཤ་ཁྲག་རུས་གསུམ།

    འདི་ནི་རང་མ་དོར་བའི་ཆབ་སྲིད་ཀྱི་སྐད་ཆ་བཤད་ལུགས་ཐུན་མོང་བ་མ་ཡིན་པ་ཞིག་ཡིན་ལ། རང་གི་རིགས་ཀྱིས་རང་ཉིད་ལ་གུས་བརྩི་མི་འདོར་བས་གསུང་བཤད་གཅིག་ཀྱང་རེད་ཟེར་ནས་བཤད་ཆོག་པ་ཞིག་རེད།