རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱ་ནག་གི་གནས་བབ། ལིས་ཅན་ཆང་།

ལིས་ཅན་ཆང་།
ཚེ་རིང་རྒྱལ་གྱིས་སྒྱུར།

རིག་གནས་རབ་འབྱམས་པ་ཡཱང་ཅན་ལི་ཡིས་བརྗོད་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་ད་ལྟའི་གནས་བབ་ནི། རྒྱལ་སྤྱིའི་གནས་བབ་ཇེ་སྡུག་ནས་ཇེ་སྡུག་དང་། རྒྱལ་ནང་གི་གནས་བབ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་པ་དེ་རེད། རྒྱ་ནག་གཞུང་གི་བསམ་ཚུལ་ནི་རྒྱལ་སྤྱིའི་གནས་བབ་ཇེ་ལེགས་ནས་ཇེ་ལེགས་དང་། རྒྱལ་ནང་གི་གནས་བབ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེ་རེད། སྐུ་ཞབས་ཡཱང་ཅན་ལི་ཆབ་སྲིད་ཁ་གཏད་ཤོག་ཁག་གི་མགོ་གཙོ་ཞིག་ཡིན་པའི་ཆ་ནས། ཁོ་རང་གི་ལངས་ཕྱོགས་དང་རྒྱ་ནག་དམར་པོའི་གཞུང་གི་ལངས་ཕྱོགས་གཉིས་ཡོངས་སུ་འགལ་བ་ཡིན། ཡིན་ནའང་། དོན་དངོས་ཐོག་ཁོང་དང་རྒྱ་ནག་དམར་པོའི་གཞུང་གཉིས་ཀྱིས་བརྡར་ཤ་བཅད་པའི་ནང་དོན་ནི་གཅིག་མཐུན་ཆགས་འདུག

རྒྱལ་སྤྱིའི་གནས་བབ་ནི་མིག་མཐོང་ལག་ཟིན་རེད། རྒྱ་ནག་དམར་པོའི་གཞུང་གིས་དཔལ་འབྱོར་ཁོ་ན་ཕྱི་འབྲེལ་གྱི་ལག་ཆ་རུ་བཟུང་སྟེ་ཡུ་རོབ་དང་ཨ་རི་སོགས་ཚུར་འགུག་ཐབས་བྱེད་ཀྱིན་པ་དེ་འགྲེལ་བརྗོད་བྱེད་མ་དགོས་པ་ཞིག་རེད། རྒྱ་ནག་ནང་ཁུལ་གྱི་གནས་བབ་ཐད། རྒྱ་ནག་གཞུང་གི་ངོས་འཛིན་དང་ཆབ་སྲིད་ཁ་གཏད་ཤོག་ཁག་གཉིས་ཁ་ཁ་རེད། རྒྱ་ནག་གཞུང་གི་ངོས་ཟིན་ནི། ད་ལྟའི་ཚ་ཚ་འུར་འུར་གྱི་ཐོབ་ཐང་དོན་གཉེར་བའི་ལས་འགུལ་འདི་དག་ནི། དོན་དངོས་ཐོག་དུས་འགྱུར་གྱི་སྐབས་སུ་མངོན་ཡོང་བའི་རྒྱུན་ལྡན་གྱི་སྤྱི་ཚོགས་ཚུར་སྣང་ཞིག་ཡིན་པ་དང་། ཁྲིམས་ལུགས་ལྷོད་ཞིག་དང་། མགོ་ཁྲིད་རུལ་སུངས། དེ་བཞིན་ཁེ་ལས་ཚོགས་ཁག་དང་སྤྱི་ཚོགས་ཀྱི་ཐོན་ཁུངས། མི་དམངས་ཀྱི་དམིགས་འདུན་བཅས་ལ་བར་ཆད་བྱུང་བར་འབྲེལ་བ་ཆེན་པོ་ཡོད། ཡིན་ནའང་། གནད་དོན་འདི་དག་ད་ཡོད་ཀྱི་ལམ་ལུགས་འདིའི་འོག་མཐའ་གཅིག་ཏུ་སེལ་ཐུབ་པ་ཞིག་མ་རེད། གལ་སྲིད་ཆོས་འཁོར་རྩ་རླུང་ལ་གཉའ་གནོན་དམ་དྲག་བྱས་ཏེ་བསླངས་པའི་སྤྱི་ཚོགས་ཀྱིས་དོ་སྣང་བྱ་ཡུལ་ཏུ་གྱུར་བའི་གནད་དོན་འདིའི་རིགས་ཡང་བསྐྱར་འབྱུང་དུ་མ་བཅུག་ཚེ། དཔལ་འབྱོར་གྱི་འཕེལ་རྒྱས་དང་དུས་ཚོད་ཀྱི་འགྱུར་འགྲོས་ལ་བསྟུན་ནས་གནད་དོན་འདི་དག་ག་ལེར་འཇགས་ཏེ་མ་འོངས་པར་སྤྱི་ཚོགས་བརྟན་འཇགས་སུ་འགྲོ་ཐུབ་པར་བསམ་ཡོད།

དེ་སྔོན་སྤྱི་ཚོགས་ཚན་རིག་པ་ཞིག་གིས་རྩོམ་ཡིག་སྤེལ་ཏེ་ཀྲུང་གོའི་ཉེ་དུས་ཀྱི་ཐོབ་ཐང་དོན་གཉེར་བའི་ལས་འགུལ་གྱི་ཁྱད་ཆོས་བརྗོད་དོན། གཅིག་ནི་ཆབ་སྲིད་ཀྱི་གཏུགས་བཤེར་མེད་པར་ཁེ་ཕན་བྱེ་བྲག་པའི་གནད་དོན་སེལ་རྒྱུ་ཁོ་ནར་རེ་བ། གཉིས་ནི། ཚགས་དམ་པོའི་སྒྲིག་འཛུགས་མེད་པར། ཕལ་ཆེ་བ་ཆུ་ལོག་ལྟར་ཧར་གྱིས་ཐོན་དེ་སྤྲིན་པ་ལྟར་སྐད་ཅིག་ཏུ་ཡལ་འགྲོ་བ་དང་། གནས་སྐབས་ཀྱི་རེ་བ་ཙམ་འགྲུབ་རྗེས་གློ་བུར་དུ་གནམ་འོག་ཞི་འཇགས་སུ་གྱུར་འགྲོ་བ། གསུམ་པ་ནི། ཚོད་འཛིན་གྱི་ནུས་པ་མི་ལྡན་པ་དང་། རིམ་བཞིན་དྲག་སྤྱོད་ཀྱི་རྣམ་པར་འགྱུར་བཞིན་པ་བཅས་རེད། དཔྱད་ཞིབ་འདི་ནི་ཞིབ་ཚགས་ཤིག་མིན་མོད། ཡིན་ནའང་། ཕལ་ཆེ་བ་ནི་དངོས་ཡོད་རེད། དོན་དངོས་ཐོག་ད་ལྟའི་ཐོབ་ཐང་དོན་གཉེར་བའི་ཚོགས་ཁག་དེ་ཕལ་ཆེར་རིགས་གཉིས་སུ་བཀར་ཆོག  གཅིག་ནི། ཁེ་ཕན་རང་བཞིན་ཅན་དེ། ལས་ཤོར་བཟོ་བའི་ཚོགས་ཁག་དང་། ས་ཞིང་ཤོར་བའི་ཞིང་པའི་ཚོགས་ཁག  གཞིས་ཀ་ཤོར་བའི་ཁྱིམ་ཚང་གི་ཚོགས་ཁག གླ་གཏོང་རླངས་འཁོར་གྱི་ཁ་ལོ་བའི་ཚོགས་ཁག ལས་སྒྱུར་དམག་མིའི་ཚོགས་ཁག དམངས་སྒྲུབ་དགེ་རྒན་གྱི་ཚོགས་ཁག ཁྲིམས་འཛིན་གྱོད་གཞིས་གནོད་འཚེ་ཕོག་མིའི་ཚོགས་ཁག་བཅས་ཡིན། འདི་དག་གིས་ཐོབ་ཐང་དོན་གཉེར་པའི་ཕྱོགས་ཁག་གི་མི་གྲངས་ཀྱི་མང་ཆེ་བ་ཟིན་ཡོད། གཉིས་པ་ནི། ཆབ་སྲིད་ཀྱི་རང་བཞིན་ཅན་ཡིན་དེ། ཆོས་འཁོར་རྩ་རླུང་གི་ཚོགས་ཁག གནམ་བདེ་སྒོ་མོ་ཆེ་ཨ་མའི་ཚོགས་ཁག གཡས་ཕྱོགས་པའི་ཚོགས་ཁག་སོགས་རེད།

ཁག་དང་པོའི་ཐད་རྒྱ་ནག་གཞུང་གི་བྱེད་སྟངས་ནི་ནུས་པ་ལྡན་སྲིད་པ་ཞིག་རེད། རྒྱུ་མཚན་ནི་འདི་དག་ཕལ་ཆེ་བ་ནི་ལོ་རྒྱུས་ཀྱིས་བསྐྲུན་པ་ཞིག་ཡིན་སྟབས་དཔལ་འབྱོར་གྱི་འཕེལ་རྒྱས་དང་སྐབས་དུས་ཕར་ཡོལ་བ་དང་བསྟུན་ནས། གཞི་རྩའི་ཁེ་ཕན་ལ་གཡོ་འགུལ་མ་ཐེབས་པའི་སྔོན་འགྲོའི་འོག་གུ་ཡངས་ཀྱི་ལམ་ཁ་ཏོག་ཙམ་སྤྲད་ན་ག་ལེར་ཡལ་ངེས། རྒྱ་ནག་དམར་པོའི་གཞུང་གི་ལམ་ལུགས་འཛིན་མཁན་གྱི་མགོ་ཁྲིད་རྣམས་ཀྱི་བསམ་པར་ཡང་། གལ་སྲིད་དཔལ་འབྱོར་འཕེལ་རྒྱས་མཚམས་མ་བཞག་ན་སྤྱི་ཚོགས་ཁྲོད་དོ་སྣང་བྱ་ཡུལ་གྱི་གནད་དོན་གཞན་འབྱུང་མི་སྲིད་པ་དང་། ལོ་ ༡༠ ་ཙམ་གྱི་དུས་ཡུན་རིང་གནད་དོན་དེའི་རིགས་རྩ་བའི་ཆ་ནས་སེལ་ཐུབ་པར་འདོད་ཀྱིན་ཡོད། རིགས་གཉིས་པའི་ཐད་རྒྱ་ནག་གཞུང་གི་བྱེད་སྟངས་ནི་ཞིབ་ཕྲའི་བཀག་སྡོམ་དང་། དྲག་རྡུང་བཙན་གནོན། མཐའ་གཅིག་ཏུ་མཐུན་ཐབས་མེད་པ་དེ་རེད། རྒྱུ་མཚན་ནི་ཆབ་སྲིད་སྐོར་གྱི་གནད་དོན་འདིའི་རིགས་ལ་གུ་ཡངས་བཏང་ཚེ། རྒྱལ་སྤྱི་དང་རྒྱལ་ནང་གི་དཔྱད་གླེང་ལ་ཚོད་འཛིན་བྱ་མི་ཐུབ་པ་དང་། ཀྲུང་གུང་སྲིད་དབང་བཙུགས་ནས་ལོ་ ༥༠ རིང་བཟོས་ཟིན་པའི་ཤ་འཁོན་ཐམས་ཅད་ཕྱོགས་ཡོངས་ནས་ཕྱིར་མངོན་ཡོང་སྟེ། སྤྱི་ཚོགས་ལ་གཡོ་སྐྱོམས་དང་བརྟན་ལྷིང་ལ་ཉེན་ཁ་འབྱུང་སྲིད་ལ། ད་དུང་དམར་ཤོག་པའི་སྲིད་སྐྱོང་གནས་བབ་ལ་གཞན་གྱིས་འགྲན་རྩོད་འབྱུང་ངེས་པ་བཅས་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

7 thoughts on “རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱ་ནག་གི་གནས་བབ། ལིས་ཅན་ཆང་།

  1. བློ་གྲོས་རྒྱལ་པོ།

    ད་ཨེ་ཉན་གི་མོ་རེ། འདི་ནི་དེ་རིང་རྒྱ་ནག་གིས་བཏོན་པའི་སྙན་ཐོ་རེད། གནས་ཚུལ་ཆ་ཚང་www.tibet.cn ལ་གཟིགས་རོགས་

  2. བློ་གྲོས་རྒྱལ་པོ།

    དུས་རབས་ཉི་ཤུ་བར་ཕྱི་མིག་ཅིག་བལྟས་ཚེ། ཨ་མེ་རི་ཁའི་བོད་ཀྱི་སྲིད་ཇུས་དེ་ཕལ་ཆེར་དུས་རིམ་གསུམ་བརྒྱུད་ཡོད་པ་སྟེ། དུས་རིམ་དང་པོ་ནི་གསལ་ལ་མི་གསལ་བའི་སྒོ་ནས་ཀྲུང་གོའི་དང་བོད་བར་གྱི་“མཆོད་ཡོན་འབྲེལ་བ”ཁས་ལེན་བྱེད་པའི་སྐབས་དང་། དུས་རིམ་གཉིས་པ་ནི་“བོད་དོན་བོད་རང་གིས་ཐག་གཅོད་པ”ཞེས་པའི་ལྟ་བ་བཏོན་པའི་སྐབས། གསུམ་པ་ནི་“བོད་དོན”རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྐབས་བཅས་ཡིན་ལ། དུས་རིམ་རེ་རེའི་ནང་ཨ་རིས་བོད་དོན་ལ་ཐེ་གཏོགས་བྱེད་པའི་ཐབས་དང་བཀོད་པའང་འདྲ་མིན་སྣ་ཚོགས་ཡིན་པ་རེད།

      དམག་དོན་དང་གསང་འཕྲིན་ལས་ཁུངས་ཀྱིས་ཐེ་གཏོགས་བྱེད་པ།

    ཨ་རིའི་དམག་དོན་དང་གསང་འཕྲིན་ལས་ཁུངས་ཀྱིས་བོད་དོན་ལ་ཐེ་གཏོགས་བྱེད་པར་ཧ་ཅང་དགའ་བོ་བྱེད་བཞིན་ཡོད་པ་སྟེ། ༡༩༥༠ལོའི་ཟླ་༥བའི་ནང་། ཨ་རིའི་རྒྱ་གར་གྱི་ཅར་ཀི་ཏར་སྡོད་པའི་གཞུང་ཚབ་ཁང་གིས་རྒྱ་གར་གྱི་དར་རྒྱས་གླིང་བརྒྱུད་བོད་སྐྱོར་མཚོན་ཆ་འབོར་ཆེན་ཞིག་བོད་ལྗོངས་སུ་དབོར་འདྲེན་བྱས་ལ། ༡༩༥༩ལོའི་བོད་ལྗོངས་ཀྱི་ངོ་ལོག་ཟིང་འཁྲུག་དོན་རྐྱེན་ཁྲོད་དུ་ཨ་རིའི་དབུས་གཞུང་གི་གསང་འཕྲིན་ཁང་གིས་ངོ་ལོག་ཟིང་འཁྲུག་མཁན་བརྒྱ་ལྷག་གསོ་སྐྱོང་སྦྱོར་བརྡར་བྱས་པ་མ་ཟད། ད་དུང་མེ་མདའ་དང་སྒྱོགས་ཆེན་སོགས་འབོར་ཆེན་ཞིག་གནམ་གྲུར་བརྟེན་ནས་བོད་ལ་དབོར་འདྲེན་བྱས་པ་རེད།

    ཨ་རིའི་ཁན་སཱ་སི་སློབ་གྲྭ་ཆེན་མོས་(University of Kansas)ཉེ་བའི་ལོ་ཤས་ནང་པར་དུ་བསྐྲུན་པའི་《དབུས་གཞུང་གསང་འཕྲིན་ཁང་གིས་བོད་ལྗོངས་སུ་སྤེལ་བའི་གསང་བའི་འཐབ་འཛིང》ཞེས་པའི་དཔེ་དེབ་ནང་དུ་ཨ་རིའི་དབུས་གཞུང་གི་གསང་འཕྲིན་ཁང་གིས་བོད་ལྗོངས་ཀྱི་ངོ་ལོག་ཟིང་འཁྲུག་པར་རོགས་སྐྱོར་བྱས་པའི་དོན་དངོས་དམར་རྗེན་དུ་བཏོན་ཡོད་པ་རེད། དཔེ་དེབ་དེའི་ནང་བསྟན་དོན། ༡༩༦༤ལོའི་སྟོན་ཁར། བོད་མི་བཞི་ཡིས་ཨ་རིའི་དབུས་གཞུང་གསང་འཕྲིན་ཁང་གི་རོགས་སྐྱོར་ལ་བརྟེན་ནས་ཨ་རིའི་ཁོར་ནེལ་སློབ་གྲྭ་ཆེན་མོ་(Cornell University)ནས་ཟླ་བ་༦རིང་གསོ་སྐྱོང་སྦྱོང་བརྡར་བྱས་མྱོང་ཞིང་། ཡང་དེའི་རྗེས་སུ་གསོ་སྐྱོང་སྦྱོང་བརྡར་བྱས་པའི་བོད་མི་༡༢དམིགས་བསལ་ལྟེ་གནས་སམ་ཡང་ན་གསང་འཕྲིན་ཁང་གིས་རོགས་སྐྱོར་བྱས་པའི་རྒྱ་གར་གྱི་ཏི་ལི་དང་སུའེ་ཙེར་གྱི་ཀྲེ་ནེ་ཝ། ཨ་རིའི་ནུའོ་ཡོ་སོགས་ཀྱི་འཐུས་ཚབ་ཁང་དུ་མངགས་པ་རེད། དེའི་དམིགས་ཡུལ་གཙོ་བོ་ནི་“བོད་རང་བཙན”གྱི་བྱ་འགུལ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོགས་སྐྱོར་ཐོབ་ཆེད་ཡིན།

     འཇམ་འཐབ་མཇུག་སྒྲིལ་རྗེས། ཨ་རིའི་དམག་དོན་དང་གསང་འཕྲིན་ལས་ཁུངས་ཀྱིས་འཐབ་ཇུས་ལ་འགྱུར་བ་བཏང་ཞིང་སྔོན་ལྟར་མངོན་ལྐོག་འཛེམ་མེད་ངང་“བོད་རང་བཙན”པར་རྒྱབ་སྐྱོར་བྱེད་པའི་སྤོབས་པ་བྲལ་ན་ཡང་། 《ཝ་ཧྲིང་ཐོན་ཡིག་ཟམ་ཚགས་པར》 དུ་བཀོད་པ་ལྟར་ན། ན་ནིང་ལྷ་སར་བྱུང་བའི་“༣·༡༤”དོན་རྐྱེན་ཁྲོད། ཨ་རིའི་དམག་དོན་དང་གསང་འཕྲིན་ལས་ཁུངས་ཀྱིས་ཏཱ་ལའི་རུ་ཚོགས་དང་རྒྱལ་ནང་གི་“བོད་རང་བཙན་པའི”བར་འབྲེལ་བ་བྱེད་པའི་བརྡ་འཕྲིན་འབྲེལ་ལམ་ཐད་ལ་རོགས་སྐྱོར་བྱས་ཡོད་པ་རེད།

      “འགྲོ་བ་མིའི་ཐོབ་ཐང”གི་ཕྱོགས་ནས་ཐེ་གཏོགས་བྱེད་པ།

    ༡༩༨༨ལོ་ནས་བཟུང་། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་རེ་རེའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུའི་ནང་འཛེམ་བག་མེད་པར་ཀྲུང་གོའི་བོད་ཀྱི་སྲིད་ཇུས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་སྟེ། ༢༠༠༨ལོའི་ཟླ་༤ཚེས་༡༠ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁ་བྱང་ལ་《བོད་དོན་དང་དེའི་མདུན་ལམ། ཨ་རིའི་ཐབས་ཇུས》ཞེས་པའི་སྙན་ཞུའི་ནང་དུ་“ཀྲུང་གོའི་སྲིད་གཞུང་གིས་དྲག་ཤུགས་ལ་བརྟེན་ནས་བོད་ཀྱི་དམངས་གཙོ་དང་རང་དབང་ལ་བཙན་གནོད་བྱེད་བཞིན་ཡོད་པའི”སྐོར་ངན་བརྗོད་བྱས་ཡོད་པ་རེད།

    ལྷག་པར་དུ་ཨ་རིའི་རྒྱལ་ཚོགས་ཀྱིས་ཆེད་དུ་བོད་དོན་ལས་ཁུངས་བཙུགས་ནས། བཙན་ཤེད་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ནི་དཔེར་ན། ༡༩༩༧ལོར་“བོད་དོན་དམིགས་བསལ་འདུམ་འགྲིག་པ”བཀོད་སྒྲིག་དང་། ཨ་རིའི་དམངས་གྲོས་ཁང་གིས་ད་ལོའི་ཟླ་ལྔ་བར་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དུ“བོད་དོན་སྡེ་ཚན”འཛུགས་པའི་ཇུས་གཞི་བཏོན་པ་མ་ཟད་དེར་གྲོས་འཆམ་བྱུང་ཞིང་། བོད་ལྗོངས་སུ་ཨ་རིའི་གཞུང་ཚབ་ཁང་འཛུགས་པར་རྨང་གཞི་བཏིངས་པ་རེད།

    ཨ་རིའི་སྲིད་འཛིན་གྱིས་གང་སར་འཚམས་འདྲིར་འགྲོ་བཞིན་པའི་ཏཱ་ལའི་བླ་མར་མཇལ་འཕྲད་བྱེད་རྒྱུ་དེ་“འགྲོ་བ་མིའི་ཐོབ་ཐང”ཕྱོགས་ཀྱི་ཕྱི་འབྲེལ་ཞིག་ཡིན་པའི་ལྟ་ཚུལ་འཛིན་བཞིན་ཡོད་ལ། ༡༩༩༡ལོར་སྲིད་འཛིན་པུའུ་ཧྲི་རྒན་པས་ཏཱ་ལའི་བླ་མར་མཇལ་འཕྲད་བྱས་པ་ནས་པུའུ་ཧྲི་ཆུང་བའི་བར་གྱི་སྲིད་འཛིན་གསུམ་གྱིས་ཏཱ་ལའི་ལ་མཇལ་འཕྲད་བྱས་མྱོང་ཡོད།

    དེ་ལས་གཞན། ཕྱི་རྒྱལ་དུ་བོད་སྐད་རླུང་འཕྲིན་གཏོང་བ་ནི་ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་བོད་དམངས་ལ་ཤུགས་རྐྱེན་འཇོག་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ། ཨ་རིའི་གཞུང་ཕྱོགས་ཀྱིས་རོགས་སྐྱོར་བྱེད་བཞིན་པའི་“ཨ་རིའི་རླུང་འཕྲིན་ཁང”དང་། “ཨེ་ཤ་ཡ་རང་དབང་རླུང་འཕྲིན”གཉིས་ནི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།

      དཔལ་འབྱོར་རོགས་སྐྱོར།

    ཨ་རིའི་གཞུང་ཕྱོགས་དང་དམངས་ཁྲོད་ཀྱི་རོགས་སྐྱོར་གྱིས་ཏཱ་ལའི་རུ་ཚོགས་ཀྱིས་ཁ་བྲལ་བྱ་འགུལ་སྤེལ་བར་དངོས་པོའི་ཐད་ནས་རོགས་སྐྱོར་ཆེན་པོ་ཐོབ་ཡོད་པ་ནི། ༢༠༠༨ལོའི་ཟླ་༡༡པའི་དམངས་གྲོས་ཁང་གི་སྙན་ཞུའི་ནང་དུ་གསལ་བར། ༢༠༠༢ལོ་ནས་བཟུང་། ཨ་རིའི་སྲིད་གཞུང་གིས་ལོ་རེར་“ཡུལ་གྱར་བོད་པར”ཐད་ཀར་ཨ་རིའི་སྒོར་ཁྲི་༢༠༠ལྷག་གིས་རོགས་སྐྱོར་བྱེད་བཞིན་ཡོད་ལ། དེ་མིན་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གི་ཟླ་༣ཚེས་༡༠ཉིན་གྱི་གསར་འགྱུར་དུ་བཀོད་པ་ལྟར་ན། ༡༩༨༩ལོ་ནས་༡༩༩༤ལོའི་བར་གྱི་ལོ་དྲུག་རིང་། ཨ་རིས་ཏཱ་ལའི་རུ་ཚོགས་ལ་དཔལ་འབྱོར་གྱིས་རོགས་སྐྱོར་བྱས་ཚད་ཨ་རིའི་སྒོར་ཁྲི་༨༧༥ལ་སླེབས་ཤིང་། ཨ་རིའི་དབུས་གཞུང་གི་གསང་འཕྲིན་ལས་ཁུངས་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་“ཡུལ་གྱར་བོད་གཞུང”ལ་ཨ་རིའི་སྒོར་ཁྲི་༣༠ཡིས་རོགས་སྐྱོར་བྱེད་བཞིན་ཡོད་པ་རེད།

      དེ་དང་དུས་མཚུངས་སུ།ཨ་རིའི་དམངས་ཁྲོད་ཚོགས་པར་འབོད་པ་དག་གིས་ཀྱང་ལོ་རེ་བཞིན་ཏཱ་ལའི་ལ་རོགས་སྐྱོར་བྱེད་བཞིན་ཡོད་ལ།དེའི་ནང་རྒྱལ་ཡོངས་དམངས་ཁྲོད་རོགས་སྐྱོར་ཚོགས་པས་ལོ་རེར་ཨ་རིའི་སྒོར་ཁྲི་༢༠བཀོལ་ནས་བོད་ཀྱི་དམངས་གཙོ་དོན་གཉེར་བ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་སྐུལ་བྱེད་པའི་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད་དོ།།

  3. ཨ་རིག་གླེན་རྒན།

    ཁོ་རང་གི་སྙན་གྲགས་ཡར་རྒྱས་ཀྱི་ཆེད་དུ་ཡོང་བ་རེད། ཡག་པོ་རེད་སྙན་གྲགས་མི་མཁོ་མཁན་ཡོད་པ་མ་རེད། གང་དུ་འགྲོ་ན་འགྲོ་རུ་ཆུག དངོས་གནས་བྱས་ན་ཁོ་ཡོངས་པ་ལས་རྒྱ་མི་གཞན་པ་རེ་ཡོང་ན་བཟང་གི་རེད་ཁོས་བོད་པའི་གནས་སྟངས་ཕལ་ཆེར་ཤེས་ཡོད་རེད།