ལིས་ཅན་ཆང་།
ཚེ་རིང་རྒྱལ་གྱིས་སྒྱུར།
རིག་གནས་རབ་འབྱམས་པ་ཡཱང་ཅན་ལི་ཡིས་བརྗོད་པའི་རྒྱལ་སྤྱི་དང་རྒྱལ་ནང་གི་ད་ལྟའི་གནས་བབ་ནི། རྒྱལ་སྤྱིའི་གནས་བབ་ཇེ་སྡུག་ནས་ཇེ་སྡུག་དང་། རྒྱལ་ནང་གི་གནས་བབ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་པ་དེ་རེད། རྒྱ་ནག་གཞུང་གི་བསམ་ཚུལ་ནི་རྒྱལ་སྤྱིའི་གནས་བབ་ཇེ་ལེགས་ནས་ཇེ་ལེགས་དང་། རྒྱལ་ནང་གི་གནས་བབ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེ་རེད། སྐུ་ཞབས་ཡཱང་ཅན་ལི་ཆབ་སྲིད་ཁ་གཏད་ཤོག་ཁག་གི་མགོ་གཙོ་ཞིག་ཡིན་པའི་ཆ་ནས། ཁོ་རང་གི་ལངས་ཕྱོགས་དང་རྒྱ་ནག་དམར་པོའི་གཞུང་གི་ལངས་ཕྱོགས་གཉིས་ཡོངས་སུ་འགལ་བ་ཡིན། ཡིན་ནའང་། དོན་དངོས་ཐོག་ཁོང་དང་རྒྱ་ནག་དམར་པོའི་གཞུང་གཉིས་ཀྱིས་བརྡར་ཤ་བཅད་པའི་ནང་དོན་ནི་གཅིག་མཐུན་ཆགས་འདུག
རྒྱལ་སྤྱིའི་གནས་བབ་ནི་མིག་མཐོང་ལག་ཟིན་རེད། རྒྱ་ནག་དམར་པོའི་གཞུང་གིས་དཔལ་འབྱོར་ཁོ་ན་ཕྱི་འབྲེལ་གྱི་ལག་ཆ་རུ་བཟུང་སྟེ་ཡུ་རོབ་དང་ཨ་རི་སོགས་ཚུར་འགུག་ཐབས་བྱེད་ཀྱིན་པ་དེ་འགྲེལ་བརྗོད་བྱེད་མ་དགོས་པ་ཞིག་རེད། རྒྱ་ནག་ནང་ཁུལ་གྱི་གནས་བབ་ཐད། རྒྱ་ནག་གཞུང་གི་ངོས་འཛིན་དང་ཆབ་སྲིད་ཁ་གཏད་ཤོག་ཁག་གཉིས་ཁ་ཁ་རེད། རྒྱ་ནག་གཞུང་གི་ངོས་ཟིན་ནི། ད་ལྟའི་ཚ་ཚ་འུར་འུར་གྱི་ཐོབ་ཐང་དོན་གཉེར་བའི་ལས་འགུལ་འདི་དག་ནི། དོན་དངོས་ཐོག་དུས་འགྱུར་གྱི་སྐབས་སུ་མངོན་ཡོང་བའི་རྒྱུན་ལྡན་གྱི་སྤྱི་ཚོགས་ཚུར་སྣང་ཞིག་ཡིན་པ་དང་། ཁྲིམས་ལུགས་ལྷོད་ཞིག་དང་། མགོ་ཁྲིད་རུལ་སུངས། དེ་བཞིན་ཁེ་ལས་ཚོགས་ཁག་དང་སྤྱི་ཚོགས་ཀྱི་ཐོན་ཁུངས། མི་དམངས་ཀྱི་དམིགས་འདུན་བཅས་ལ་བར་ཆད་བྱུང་བར་འབྲེལ་བ་ཆེན་པོ་ཡོད། ཡིན་ནའང་། གནད་དོན་འདི་དག་ད་ཡོད་ཀྱི་ལམ་ལུགས་འདིའི་འོག་མཐའ་གཅིག་ཏུ་སེལ་ཐུབ་པ་ཞིག་མ་རེད། གལ་སྲིད་ཆོས་འཁོར་རྩ་རླུང་ལ་གཉའ་གནོན་དམ་དྲག་བྱས་ཏེ་བསླངས་པའི་སྤྱི་ཚོགས་ཀྱིས་དོ་སྣང་བྱ་ཡུལ་ཏུ་གྱུར་བའི་གནད་དོན་འདིའི་རིགས་ཡང་བསྐྱར་འབྱུང་དུ་མ་བཅུག་ཚེ། དཔལ་འབྱོར་གྱི་འཕེལ་རྒྱས་དང་དུས་ཚོད་ཀྱི་འགྱུར་འགྲོས་ལ་བསྟུན་ནས་གནད་དོན་འདི་དག་ག་ལེར་འཇགས་ཏེ་མ་འོངས་པར་སྤྱི་ཚོགས་བརྟན་འཇགས་སུ་འགྲོ་ཐུབ་པར་བསམ་ཡོད།
དེ་སྔོན་སྤྱི་ཚོགས་ཚན་རིག་པ་ཞིག་གིས་རྩོམ་ཡིག་སྤེལ་ཏེ་ཀྲུང་གོའི་ཉེ་དུས་ཀྱི་ཐོབ་ཐང་དོན་གཉེར་བའི་ལས་འགུལ་གྱི་ཁྱད་ཆོས་བརྗོད་དོན། གཅིག་ནི་ཆབ་སྲིད་ཀྱི་གཏུགས་བཤེར་མེད་པར་ཁེ་ཕན་བྱེ་བྲག་པའི་གནད་དོན་སེལ་རྒྱུ་ཁོ་ནར་རེ་བ། གཉིས་ནི། ཚགས་དམ་པོའི་སྒྲིག་འཛུགས་མེད་པར། ཕལ་ཆེ་བ་ཆུ་ལོག་ལྟར་ཧར་གྱིས་ཐོན་དེ་སྤྲིན་པ་ལྟར་སྐད་ཅིག་ཏུ་ཡལ་འགྲོ་བ་དང་། གནས་སྐབས་ཀྱི་རེ་བ་ཙམ་འགྲུབ་རྗེས་གློ་བུར་དུ་གནམ་འོག་ཞི་འཇགས་སུ་གྱུར་འགྲོ་བ། གསུམ་པ་ནི། ཚོད་འཛིན་གྱི་ནུས་པ་མི་ལྡན་པ་དང་། རིམ་བཞིན་དྲག་སྤྱོད་ཀྱི་རྣམ་པར་འགྱུར་བཞིན་པ་བཅས་རེད། དཔྱད་ཞིབ་འདི་ནི་ཞིབ་ཚགས་ཤིག་མིན་མོད། ཡིན་ནའང་། ཕལ་ཆེ་བ་ནི་དངོས་ཡོད་རེད། དོན་དངོས་ཐོག་ད་ལྟའི་ཐོབ་ཐང་དོན་གཉེར་བའི་ཚོགས་ཁག་དེ་ཕལ་ཆེར་རིགས་གཉིས་སུ་བཀར་ཆོག གཅིག་ནི། ཁེ་ཕན་རང་བཞིན་ཅན་དེ། ལས་ཤོར་བཟོ་བའི་ཚོགས་ཁག་དང་། ས་ཞིང་ཤོར་བའི་ཞིང་པའི་ཚོགས་ཁག གཞིས་ཀ་ཤོར་བའི་ཁྱིམ་ཚང་གི་ཚོགས་ཁག གླ་གཏོང་རླངས་འཁོར་གྱི་ཁ་ལོ་བའི་ཚོགས་ཁག ལས་སྒྱུར་དམག་མིའི་ཚོགས་ཁག དམངས་སྒྲུབ་དགེ་རྒན་གྱི་ཚོགས་ཁག ཁྲིམས་འཛིན་གྱོད་གཞིས་གནོད་འཚེ་ཕོག་མིའི་ཚོགས་ཁག་བཅས་ཡིན། འདི་དག་གིས་ཐོབ་ཐང་དོན་གཉེར་པའི་ཕྱོགས་ཁག་གི་མི་གྲངས་ཀྱི་མང་ཆེ་བ་ཟིན་ཡོད། གཉིས་པ་ནི། ཆབ་སྲིད་ཀྱི་རང་བཞིན་ཅན་ཡིན་དེ། ཆོས་འཁོར་རྩ་རླུང་གི་ཚོགས་ཁག གནམ་བདེ་སྒོ་མོ་ཆེ་ཨ་མའི་ཚོགས་ཁག གཡས་ཕྱོགས་པའི་ཚོགས་ཁག་སོགས་རེད།
ཁག་དང་པོའི་ཐད་རྒྱ་ནག་གཞུང་གི་བྱེད་སྟངས་ནི་ནུས་པ་ལྡན་སྲིད་པ་ཞིག་རེད། རྒྱུ་མཚན་ནི་འདི་དག་ཕལ་ཆེ་བ་ནི་ལོ་རྒྱུས་ཀྱིས་བསྐྲུན་པ་ཞིག་ཡིན་སྟབས་དཔལ་འབྱོར་གྱི་འཕེལ་རྒྱས་དང་སྐབས་དུས་ཕར་ཡོལ་བ་དང་བསྟུན་ནས། གཞི་རྩའི་ཁེ་ཕན་ལ་གཡོ་འགུལ་མ་ཐེབས་པའི་སྔོན་འགྲོའི་འོག་གུ་ཡངས་ཀྱི་ལམ་ཁ་ཏོག་ཙམ་སྤྲད་ན་ག་ལེར་ཡལ་ངེས། རྒྱ་ནག་དམར་པོའི་གཞུང་གི་ལམ་ལུགས་འཛིན་མཁན་གྱི་མགོ་ཁྲིད་རྣམས་ཀྱི་བསམ་པར་ཡང་། གལ་སྲིད་དཔལ་འབྱོར་འཕེལ་རྒྱས་མཚམས་མ་བཞག་ན་སྤྱི་ཚོགས་ཁྲོད་དོ་སྣང་བྱ་ཡུལ་གྱི་གནད་དོན་གཞན་འབྱུང་མི་སྲིད་པ་དང་། ལོ་ ༡༠ ་ཙམ་གྱི་དུས་ཡུན་རིང་གནད་དོན་དེའི་རིགས་རྩ་བའི་ཆ་ནས་སེལ་ཐུབ་པར་འདོད་ཀྱིན་ཡོད། རིགས་གཉིས་པའི་ཐད་རྒྱ་ནག་གཞུང་གི་བྱེད་སྟངས་ནི་ཞིབ་ཕྲའི་བཀག་སྡོམ་དང་། དྲག་རྡུང་བཙན་གནོན། མཐའ་གཅིག་ཏུ་མཐུན་ཐབས་མེད་པ་དེ་རེད། རྒྱུ་མཚན་ནི་ཆབ་སྲིད་སྐོར་གྱི་གནད་དོན་འདིའི་རིགས་ལ་གུ་ཡངས་བཏང་ཚེ། རྒྱལ་སྤྱི་དང་རྒྱལ་ནང་གི་དཔྱད་གླེང་ལ་ཚོད་འཛིན་བྱ་མི་ཐུབ་པ་དང་། ཀྲུང་གུང་སྲིད་དབང་བཙུགས་ནས་ལོ་ ༥༠ རིང་བཟོས་ཟིན་པའི་ཤ་འཁོན་ཐམས་ཅད་ཕྱོགས་ཡོངས་ནས་ཕྱིར་མངོན་ཡོང་སྟེ། སྤྱི་ཚོགས་ལ་གཡོ་སྐྱོམས་དང་བརྟན་ལྷིང་ལ་ཉེན་ཁ་འབྱུང་སྲིད་ལ། ད་དུང་དམར་ཤོག་པའི་སྲིད་སྐྱོང་གནས་བབ་ལ་གཞན་གྱིས་འགྲན་རྩོད་འབྱུང་ངེས་པ་བཅས་རེད།