བོད་ཀྱི་ངལ་རྩོལ་ཁེ་དབང་སྲུང་སྐྱོབ་ཚོགས་པ།

ཐེངས་བཅུ་དྲུག་པའི་ཨི་ཊ་ལིའི་ངལ་རྩོལ་ཚོགས་པའི་(CILS) ལོ་འཁོར་ཚོགས་ཆེན་དེ་ཕྱི་ཚེས་ ༡༢ ནས་གྲོང་ཁྱེར་ཊུ་རིན་ (Turin) ནང་ཚུགས་ཡོད་པ་དང་། ཚོགས་འདུའི་སྐབས་ཉམས་ཞིབ་པ་ཁག་ཅིག་གདན་འདྲེན་གྱིས་བོད་དང་རྒྱ་ནག་གི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོབ་ཐད་བགྲོ་གླེང་གནང་ཞིང་། བོད་ཀྱི་ངལ་རྩོལ་བའི་ཁེ་དབང་སྲུང་སྐྱོབ་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་འདུག

ཉིན་གཅིག་དང་ཕྱེད་ཀའི་རིང་གི་ལོ་འཁོར་ཚོགས་ཆེན་འདིའི་སྟེང་༼ བོད་དང་རྒྱ་ནག་གི་ངལ་རྩོལ་བའི་ཁེ་དབང་སྲུང་སྐྱོབ་ཀྱི་བརྒྱུད་རིམ་ནང་ཡུ་རོབ་མཐུན་ཚོགས་ཀྱི་འོས་འགན་༽ཞེས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་ལ། བགྲོ་གླེང་གནང་མཁན་དུ་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཝེ་ཅིན་ཧྲིན་དང་ཚོའོ་ཞུང་ཀོ ཨི་ཊ་ལིའི་བོད་ཁང་འགན་འཛིན་རྟ་མགྲིན་ཆོས་འཕེལ། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་། རང་དབང་ཉམས་ཞིབ་པ་ཀླུ་མཁར་བྱམས་སོགས་གདན་འདྲེན་གནང་ཡོད། བགྲོ་གླེང་གོ་སྒྲིག་གི་བརྒྱུད་རིམ་ངོ་སྤྲོད་སྐབས་ཨི་ཊ་ལིའི་ཕན་ཊྲི་མའོ་མངའ་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ GIOVANNA Venturi ལགས་ཀྱིས་གསུངས་དོན། ༼ ང་ཚོས་ལོ་འཁོར་ཚོགས་ཆེན་དང་སྟབས་བསྟུན་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་གནང་འཆར་གྱི་བརྒྱུད་རིམ་ཞིབ་ཚགས་ཤིག་གཞུང་ལ་སྙན་ཞུ་ཕུལ་བ་ཡིན། རྒྱ་ནག་གཞུང་གི་གནོན་ཤུགས་དང་། ཨི་ཊ་ལིའི་གཞུང་ངོས་ནས་བགྲོ་གླེང་འདི་དུས་ཚོད་དང་འཚམ་མིན་གྱི་གོ་བརྡ་སྤྲད་མིན་ལ་མ་ལྟོས་པར་དེ་རིང་འདིར་དངོས་སུ་ཚུགས་ཐུབ་པ་དེ་ང་ཚོས་གཟི་བརྗིད་དང་རྒྱལ་ཁ་ཞིག་ལ་བསམ་གྱིན་ཡོད། ཐེངས་འདིའི་བགྲོ་གླེང་བརྒྱུད་བོད་དང་རྒྱ་ནག་ནང་གི་ངལ་རྩོལ་བའི་དཀའ་ངལ་སེལ་ཐབས་ལ་ཡུ་རོབ་མཐུན་ཚོགས་ཀྱིས་དོན་མཐུན་གྱི་ལག་ལེན་ཞིག་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། ༽ཟེར། བགྲོ་གླེང་དངོས་གཞིའི་སྐབས་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཝེ་ཅིན་ཧྲིན་གྱིས།༼ རྒྱལ་སྤྱིའི་དཔལ་འབྱོར་ཉམ་ཉེས་ཕྱིན་པ་དེས་རྒྱ་ནག་ནང་གི་བཟོ་ལས་སྡེ་ཁག་མང་པོ་ཞིག་སྒོ་བརྒྱག་དགོས་ཐུག་ཅིང་། ལས་བཟོ་ཁྲི་སྟོང་མང་པོའི་ལས་ཀ་ཤོར་འགྲོ་གི་ཡོད་སྟབས། དེ་རིང་གི་རྒྱ་ནག་གནས་སྟངས་ཡོ་འཁྱོམ་ཞིག་གི་སྒང་ལ་སླེབས་ཡོད། ཕྱི་ཚུལ་ནས་རྒྱ་ནག་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་ནང་ཞུགས་ཡོད་མོད། དོན་དངོས་སུ་རྒྱ་ནག་གཞུང་གིས་ཚོང་དོན་སྒྲིག་འཛུགས་དེའི་བྱེད་སྒོར་བརྩི་སྲུང་བྱེད་ཀྱིན་མེད་ཁར། རྒྱ་ནག་ནང་ལོགས་ཀྱི་བཟོ་པ་རྣམས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་མ་ཐུབ་པར་བརྟེན། ཨི་ཊ་ལི་གཙོ་བྱས་པའི་རྒྱ་ནག་དང་ཚོང་འབྲེལ་ཆེ་བའི་ཡུ་རོབ་ཀྱི་ཡུལ་ལུང་ཚང་མར་དཀའ་ངལ་ཞིག་འཕྲད་ཡོང་གིན་ཡོད། རྗེས་ཕྱོགས་ནུབ་ཕྱོགས་རྒྱལ་ཁབ་ཚང་མས་བྱེད་ཐབས་ངེས་ཅན་སྤྱད་ནས། གྲོས་མོལ་ཁྲོད་རྒྱ་ནག་གི་ལས་བཟོ་བའི་གཞི་རིམ་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་གཉིས་ཆ་རྐྱེན་དུ་འཇོག་དགོས་ཤིང་། རྒྱ་ནག་གི་ལས་བཟོ་བའི་འཚོ་གནས་དཀའ་ངལ་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པ་ཡིན་ན། དེས་ནུབ་ཕྱོགས་ཀྱི་དཔལ་འབྱོར་སླར་གསོ་ལ་ཐད་ཀར་ཕན་ཐོག་གི་ཡོད།༽ཅེས་བཤད་པ་དང་། རང་དབང་ཉམས་ཞིབ་པ་ཀླུ་མཁར་བྱམས་ཀྱིས། ༼ འདས་པའི་ལོ་བཅུ་གྲངས་ཤིག་ནས་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ངང་བོད་ནང་རྒྱ་རིགས་ཚོང་བ་དང་། ལས་བཟོ་བ་འབོར་ཆེན་གནས་སྤོ་བྱས་པ་དེས་བོད་མིའི་གོ་སྐབས་ཚང་མ་རྒྱ་ལག་ཏུ་ཤོར་འགྲོ་གི་ཡོད་ཁར། ད་ཆ་བོད་ནང་གི་ན་གཞོན་བརྒྱ་ཆ་༨༠ ལ་ལས་ཞུགས་ཀྱི་གོ་སྐབས་དཀོན་པ་དང་། གོ་སྐབས་ཡོད་མཁན་ཚོའང་རྒྱ་རིགས་ལས་གླ་བབ་བརྒྱ་ཆ་ ༤༠ ཉུང་བ་ལས་ཐོབ་ཀྱིན་མེད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་རྒྱ་གཞུང་གིས་བོད་ཀྱི་འབྲོག་པ་གྲོང་བརྡལ་ལ་གནས་སྤོར་བ་དང་། རོང་གི་རྨོ་འདེབས་ལ་ཚད་བཀག་བྱེད་ཀྱིན་པ་དེས་བོད་མི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་བརླག་འགྲོ་གིན་ཡོད། ང་ཚོས་གནད་དོན་འདི་དག་དང་སྒོ་བསྟུན་ནས་ཚོགས་པ་ཞིག་གསར་དུ་བཙུགས་ཏེ།  རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ་ཁག་དང་མཉམ་འབྲེལ་གྱིས་དཀའ་ངལ་ཁག་ལ་གདོང་ལེན་བྱེད་རྒྱུ་དེ་དུས་ཚོད་ཀྱི་དགོས་མཁོར་ཐུག་ཡོད། ༽ཅེས་བོད་ནང་གི་ངལ་རྩོལ་བའི་ཁེ་དབང་སྲུང་སྐྱོབ་བྱེད་ཐབས་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རོགས་སྐྱོབ་དགོས་པའི་རེ་འདུན་བཏོན་ཡོད།

དེ་བཞིན་བགྲོ་གླེང་སྐབས་ཧོང་ཀོང་དུ་གནས་བཞུགས་རྒྱ་རིགས་ཚོའོ་ཞུང་ཀོས་རྒྱ་ནག་གི་ངལ་རྩོལ་བའི་མིག་སྔའི་དཀའ་ངལ་ཁག་གསལ་བཀྲོད་གནང་ཞིང་། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་ཐད་འགྲེལ་བརྗོད་གནང་ཡོད། ཚོགས་ཆེན་མཇུག་སྒྲིལ་སྐབས་ཨི་ཊ་ལིའི་ངལ་རྩོལ་ཚོགས་པ་ཁག་གི་རྒྱབ་གཉེར་འོག་བོད་ཀྱི་ངལ་རྩོལ་བའི་ཁེ་དབང་སྲུང་སྐྱོབ་ཚོགས་པ་ཞིག་གསར་དུ་བཙུགས་ཡོད་པ་དང་། ཚོགས་པ་འདིས་མ་འོངས་པར་བོད་ནང་གི་བོད་མི་ངལ་རྩོལ་བའི་ཁེ་དབང་སྲུང་སྐྱོབ་དང་ཁོ་ཚོའི་ངལ་རྩོལ་ཐོན་དངོས་རྣམས་ཁྲིམས་མཐུན་ཚོང་བསྒྱུར་ཡོང་ཆེད་རྒྱལ་སྤྱིའི་ངལ་རྩོལ་ཚོགས་སྡེ་ཁག་ལ་དཔང་རྟགས་རང་བཞིན་ཅན་གྱི་རྒྱུ་ཆ་མཁོ་འདོན་བྱེད་འཆར་ཡོད་འདུག་ལ། ཨི་ཊ་ལིའི་ངལ་རྩོལ་ཚོགས་པའི་ཕྱི་འབྲེལ་འགན་འཁུར་བ་སྐུ་ཞབས་ Claudio TECCHIO དང་། ཨི་ཊ་ལིའི་བོད་ཁང་འགན་འཛིན་རྟ་མགྲིན་ཆོས་འཕེལ་གཉིས་ཀྱིས་འགན་རྐང་བཞེས་ཀྱིས་ཡན་ལག་ཚོགས་པ་གཉིས་རྒྱ་གར་རྒྱལ་ས་ལྡི་ལི་དང་། བཞུགས་སྒར་ངྷ་རམ་ས་ལར་འཛུགས་རྒྱུ་ཡིན་འདུག མི་འགྱངས་བར་བྷེལ་རྗེམ་དུ་འཚོགས་འཆར་ཡོད་པའི་ཡུ་རོབ་ངལ་རྩོལ་ཚོགས་ཆེན་སྐབས་ཚོགས་པ་འདི་ངོས་ལེན་ཡོང་བར་འབད་བརྩོན་གནང་རྒྱུ་ཡིན་འདུག

ལོ་འཁོར་ཚོགས་ཆེན་འདི་ཨི་ཊ་ལི་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ལམ་གཉིས་པའི་གཙོ་སྐྱོང་བ་ལྕམ་སྐུ་ Christina RUGGER ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་དང་། རྒྱལ་ཁབ་དེའི་ས་གནས་ཁག་ ༤༦ གི་འགན་འཛིན་དང་འཐུས་མི་ཁག་ཚོགས་ཞུགས་བྱས་ཡོད་འདུག

ཡུ་རོབ་གསར་འགོད་པ། ཟླ་བ་ཚེ་རིང་།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply