གླེང་མོལ་ནི་འདུམ་འགྲིག་གི་ལམ་ཁ་རེད།

བོད་རྒྱའི་གནད་དོན་འདི་རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་ཁོ་ནའི་འབྲེལ་ལམ་གྱི་གནད་དོན་ཞིག་མིན་པར། ང་ཚོ་མི་རེ་རེའི་བར་གྱི་འབྲེལ་ལམ་གྱི་གནད་དོན་ཞིག་རེད་ལ། མཐར་གཏུགས་ན་ཁྱོད་དང་ངའི་འབྲེལ་ལམ་གྱི་གནད་དོན་ཞིག་ཀྱང་རེད་ཟེར།  
                 
ཕྱི་ཚེས་ ༡༥ ཉིན་རྒྱའི་རང་དབང་རྩོམ་པ་པོ་དྲུག་ཨ་རི་དང་རྒྱ་ནག་ནས་ཆེད་དུ་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་༧གོང་ས་མཆོག་ལ་ཆུ་ཚོད་ ༣ རིང་གི་མཇལ་ཁ་ཞུས་ཡོད་པ་རེད། འདི་གའི་གསར་འགོད་པས། ཐེངས་འདིའི་གོ་སྒྲིག་བྱེད་མཁན་རང་དབང་རྩོམ་པ་པོ་དང་ཆོས་ལུགས་དང་ལོ་རྒྱུས་རིག་པའི་ཞིབ་འཇུག་པ་ལིས་ཅང་ལེན་ལ་བཀའ་འདྲི་ཞུས་པར།  ཁོ་མོས།  ང་རང་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་དང་ཆོས་ལུགས་རིག་གནས་ཞིབ་འཇུག་བྱེད་མཁན་ཞིག་ཡིན། ༢༠༠༧ ལོར་ང་རང་ངྷ་སར་ཡོང་སྟེ་ཐོག་མར་བཙན་བྱོལ་བོད་མིའི་ལོ་རྒྱུས་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་བརྒྱུད་རིམ་ལ་ཞིབ་འཇུག་བྱེད་མགོ་བརྩམས་པ་མ་ཟད། བཙན་བྱོལ་བོད་མིའི་སྲིད་བྱུས་དང་སློབ་གསོའི་སྒྲིག་སྲོལ། ཆོས་ལུགས་རིག་གནས་བཅས་ཀྱི་འཕེལ་རིམ་དང་བཅོས་བསྒྱུར་གྱི་ཐད་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཟེར།

ཁོང་གིས་བཤད་དོན། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཉིད་སྲ་བརྟན་བཟོ་རྒྱུ་ཁོ་ན་མིན་པར་འཕེལ་རྒྱས་སུ་འགྲོ་དགོས་པ་དང་། དེང་རབས་དཔལ་ཡོན་རིག་གནས་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱ་རྒྱུ་དང་། དེེ་མིན་བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་ཉིད་དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཇི་ལྟར་ཡུན་གནས་དང་བཅོས་བསྒྱུར་བྱ་རྒྱུ་སོགས་ཀྱི་ཞིབ་འཇུག་གི་ལས་རིམ་འདི་བར་སྟོང་ཞིག་ལྷག་ཡོད་སྟབས།  སྤྱི་ལོ་ ༢༠༠༧ ལོ་ནས་ད་ལྟའི་བར་ཐེངས་གསུམ་ལ་བཙན་བྱོལ་དུ་ཡོང་བ་ཡིན། ༧གོང་ས་མཆོག་ལ་ཐེངས་བདུན་ལ་མཇལ་རྒྱུའི་གོ་སྐབས་བྱུང་། ཞིབ་འཇུག་གི་ཆེད་དུ་བཙན་བྱོལ་བོད་མའི་དགོན་སྡེ་ཁག་དང་གཞིས་ཆགས་ཁག། སློབ་གྲྭ་སོགས་བོད་མི་འདུས་སྡོད་ཀྱི་ས་གནས་ ༡༡ ལྷག་ལ་དངོས་སུ་ཆས་ཏེ་བོད་མི་རང་གི་ངོ་སྤྲོད་བརྒྱུད་ལོ་རྒྱུས་ཤེས་རྟོགས་བྱུང་བ་ཡིན་སྟབས། མ་འོངས་པར་འདིའི་སྐོར་གྱི་དེབ་ཅིག་པར་སྐྲུན་བྱ་འཆར་ཡོད། ཟེར།

ཡང་ཁོང་གིས། ངས་ལས་རིམ་འདི་གོ་སྒྲིག་དང་རྒྱའི་རང་དབང་གི་རྩོམ་པ་པོ་རྣམས་འདིར་མགྲོན་འབོད་བྱས་དོན་ནི། ང་རང་ཉིད་ཀྱི་དངོས་སུ་ཤེས་རྟོགས་བྱུང་བའི་གནས་སྟངས་འདི་རྒྱ་རིགས་རྩོམ་པ་པོ་དང་ང་རང་གི་གྲོགས་པོ་རྣམས་ཀྱིས་ཤེས་རྟོགས་ཡོང་བར་བྱ་ཆེད་ཡིན་ལ། ལོ་སྔོན་མར་རང་དབང་གི་རྩོམ་པ་པོ་བཞི་སྐད་བཏང་སྟེ་ཁོང་ཚོས་དངོས་སུ་བཙན་བྱོལ་བོད་མིའི་དངོས་ཡོད་གནས་སྟངས་རྒྱུས་ལོན་བྱས་པ་དང་།  ཐེངས་འདིར་རང་དབང་གི་རྩོམ་པ་པོ་དྲུག་དངོས་སུ་སྤྱི་ཚོགས་ནང་མཉམ་ཞུགས་བརྒྱུད་གནས་ཚུལ་རྒྱུས་ལོན་བྱ་ཆེད་ཡོང་བ་ཡིན།  ངས་བལྟས་ཚོད་ཀྱིས་རྒྱ་རིགས་ཚོར་བཙན་བྱོལ་བོད་མིའི་ལོ་རྒྱུས་རྒྱུས་ལོན་དང་དེ་ཤེས་རྟོགས་ཀྱི་གོ་སྐབས་དེ་འདྲ་འབྱུང་གི་མི་འདུག་བསམ་ལ། ང་ཚོ་བོད་རྒྱ་མི་རིགས་གཉིས་ཐད་ཀར་འབྲེལ་བ་བྱེད་པའི་གོ་སྐབས་ཉུང་ཉུང་རེད་བསམ། བོད་རྒྱའི་གནད་དོན་འདི་རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་ཁོ་ནའི་འབྲེལ་ལམ་གྱི་གནད་དོན་ཞིག་མིན་པར། ང་ཚོ་མི་རེ་རེའི་བར་གྱི་འབྲེལ་ལམ་གྱི་གནད་དོན་ཞིག་རེད་ལ། མཐར་གཏུགས་ན་ཁྱོད་དང་ངའི་འབྲེལ་ལམ་གྱི་གནད་དོན་ཞིག་ཀྱང་རེད། དེ་བས། ང་ཚོས་གནད་དོན་འདི་ང་ཚོ་མི་རེ་ངོ་རེས་ཤེས་པར་བྱས་ཏེ་སྒྲུབ་དགོས་པའི་ལས་དོན་ཞིག་ཆགས་ཡོད་པ་རེད། ཟེར།

ཁོང་གིས་མུ་མཐུད་ནས་བཤད་དོན། ལོ་རྒྱུས་ཀྱི་ཟུར་གཞན་ཞིག་ནས་བལྟས་ན། བཙན་བྱོལ་བོད་མིའི་ལོ་རྒྱུས་ནི་རྒྱ་ནག་ལོ་རྒྱུས་ཀྱི་ཆ་ཤས་ཤིག་དང། རྒྱ་ནག་གི་ལོ་རྒྱུས་ཀྱང་བོད་ཀྱི་ལོ་རྒྱུས་དང་འབྲལ་ཐབས་མེད་པའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཆགས་ཡོད། གལ་སྲིད། འདས་པའི་ལོ་རྒྱུས་ཀྱི་བྱུང་རབས་དེ་དག་མེད་པ་ཡིན་ན་ད་ལྟའི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱང་ཡོད་མི་སྲིད་པ་ཞིག་རེད། འདི་ནི་ང་རང་ལོ་རྒྱུས་སྨྲ་བ་དང་ཞིབ་འཇུག་པ་ཞིག་གིས་ངེས་པར་རྟོགས་དགོས་པའི་གནད་དོན་ཞིག་ཆགས་ཡོད་ལ། རྒྱ་ནག་གི་ཤེས་ཡོན་པ་དག་གིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཆགས་ཡོད། ངས་ང་ཚོ་འདི་ལྟར་ཕྱི་གླིང་བ་དང་རྒྱ་གཞུང་གི་བཀོད་འདོམས་བརྒྱུད་མི་དགོས་པར་དངོས་སུ་ཡོང་ཐུབ་པ་དང་ཐུག་འཕྲད་བྱས་ཏེ་སྐད་ཆ་བཤད་ཐུབ་པའི་གོ་སྐབས་འདི་འདྲ་ཞིག་བྱུང་བ་དངོས་ནས་དོན་སྙིང་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། བོད་རྒྱའི་གནད་དོན་འདི་ཕན་ཚུན་གྱི་ཤེས་ཡོན་པ་དག་ལ་འགན་འཁུར་ཆེན་པོ་ཡོད་པས། ཤེས་ཡོན་པ་ཚོས་བོད་རྒྱའི་གནད་དོན་ཁྲོད་ཀྱི་གོ་ནོར་དང་ཀློག་ནོར་ཐེབས་བཞིན་པའི་གནད་དོན་དེ་དག་སེལ་ཐབས་བྱ་དགོས་པ་རེད། ང་ཚོའི་ཕྱོགས་གཉིས་ཀྱི་ཤེས་ལྡན་མི་སྣ་ཚོས་ཕན་ཚུན་བསམ་བློ་བརྗེ་རེས་དང་བགྲོ་གླེང་བྱས་ཏེ་གནད་དོན་ཐག་གཅོད་དགོས་པ་རེད། བོད་མི་ཚོས་རང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་མི་རིགས་རང་དབང།  ཆོས་ལུགས་རིག་གནས་ཀྱི་རྒྱུད་འཛིན་གླེང་གི་ཡོད་པ་དང་། རྒྱ་གཞུང་གིས། མངའ་ཁོངས་ཆ་ཚང་དང་རྒྱལ་ཁབ་གཅིག་གྱུར་གླེང་གི་ཡོད་པ་རེད། ང་ཚོས་སེམས་ཁུར་བྱེད་བཞིན་པའི་གནད་དོན་གཅིག་མ་རེད། དེ་བས། ང་རང་གིས་བསམ་ན་ང་ཚོ་སྡིངས་ཆ་གཅིག་གི་སྟེང་བསྡད་དེ་ཕན་ཚན་གླེང་མོལ་བྱ་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག་ལ། གླེང་མོལ་ནི་ང་ཚོ་འདུམ་འགྲིག་གི་ཐབས་ལམ་གཙོ་བོ་རེད། ཅེས་བརྗོད་བྱུང་ལ། ཡང་ཁོ་མོས། ལོ་སྔོན་མའི་ས་བྱི་ཞི་རྒོལ་ཆེན་མོའི་བྱུང་རྐྱེན་དང་བོད་དོན་གྱི་མ་འོངས་པའི་སྐོར་ལ་བརྗོད་དོན། ང་རང་ལོ་རྒྱུས་ཞིབ་འཇུག་པ་ཞིག་གི་ངོས་ནས་བཤད་ན།  ལོ་སྔོན་མའི་དོན་རྐྱེན་དེ་ནི་ ༡༩༥༩ ལོའི་དུས་སྐབས་ཀྱི་གནད་དོན་ཐག་གཅོད་མ་བྱས་པར་རྒྱུན་སྲིང་བྱས་པའི་ནག་ཉེས་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། འདི་ནི་རྒྱ་ནག་གཞུང་གིས་དུས་ཡུན་རིང་བོར་བོད་མིའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་རྡོག་རོལ་བྱས་པའི་ནག་ཉེས་ཤིག་ཡིན་སྟབས། སྔ་གཞུག་གི་བར་ཁྱད་མ་གཏོགས་འབྱུང་ངེས་པ་ཞིག་རེད་ལ། མ་འོངས་པར་ཡང་འབྱུང་སྲིད་པ་ཞིག་རེད། གཞན། རྒྱ་གཞུང་གིས་ཏཱ་ལའི་བླ་མའི་སྐུ་ཚེའི་ནང་བོད་དོན་བདེན་མཐའ་སེལ་མ་ཐུབ་ཚེ་བོད་དོན་འཐབ་རྩོད་དེ་རང་བཞིན་གྱིས་མེད་པར་ཆགས་རྒྱུ་ཡིན་པའི་སྐོར་བཤད་བཞིན་འདུག ལོ་རྒྱུས་ཀྱི་ངོས་ནས་བཤད་ན། བོད་ཀྱི་གནད་དོན་ནི་ཏཱ་ལའི་བླ་མ་མི་སྒེར་གྱི་གནད་དོན་མ་རེད། ༡༩༥༩ ལོ་ནས་བོད་མི་ཚོ་བཙན་བྱོལ་དུ་འབྱོར་བ་མ་ཟད། ད་ལྟའི་དུས་འདིར་སྲ་བརྟན་གྱི་སྲིད་གཞུང་ཞིག་ཆགས་ཡོད་པ་རེད། གལ་སྲིད། ཏཱ་ལའི་བླ་མ་མི་བཞུགས་པའི་དུས་སྐབས་སུ་སླེབས་ཀྱང་བོད་མི་རིགས་ཡུན་གནས་བྱ་ཐུབ་པ་ཞིག་རེད་ལ། གཞུང་འཛིན་དང་སྲིད་བྱུས་ལ་འགྱུར་བ་འགྲོ་སྲིད་ནའང་མི་རིགས་འདི་དུས་ནམ་ཡང་ཡུན་གནས་བྱ་ཐུབ་པ་ཞིག་རེད། གཞུང་དང་མི་རིགས་ཀྱི་འཐབ་རྩོད་ལ་དུས་ནམ་ཡང་འགྱུར་བ་འགྲོ་མི་སྲིད་པ་ཞིག་རེད། དེ་ལྟ་ནའང་། ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་ཀྱི་དུས་སྐབས་འདི་ནི་བོད་དོན་བདེན་མཐའ་སེལ་བའི་དུས་སྐབས་ཡག་ཤོས་དེ་རེད། ཅེས་བརྗོད་བྱུང།

བསྐྱར་བཅོས།: ༢༠༠༩/༠༦/༡༧

Leave a Reply

3 thoughts on “གླེང་མོལ་ནི་འདུམ་འགྲིག་གི་ལམ་ཁ་རེད།

  1. བློ་གྲོས་རྒྱལ་པོ།

    དེང་སང་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་མི་ཤེས་ཡོན་ཅན་ཞིག་ཕེབས་པ་ཡིན་ན་གཞུང་མང་གཉིས་དགའ་སྤོབས་སྐྱེ་བཞིན་འདུག་པ་ལྟ་བུའི་ཚོར་སྣང་བྱུང་། དེ་ནི་ལོ་བཅོ་ལྔ་ཉི་ཤུའི་གོང་རྒྱ་མི་རིགས་གདོན་འདྲེར་བལྟ་བའི་འདུ་ཤེས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་པའི་རྟགས་མཚན་རེད་འདུག
    ཁ་སངས་ནས་བཤད་ན། ཨ་རི་གཞུང་གིས་གཞི་རིམ་དང་མཐོ་རིམ་ཐོན་པའི་སློབ་ཕྲུག་རྣམས་འཛམ་གླིང་གང་སར་མངགས་གཏོང་གིས་སྤྱི་ཚོགས་ཞིབ་འཇུག་ལ་ཁ་གཡར་ཏེ་རྒྱལ་ཁབ་དང་ས་གནས་དེ་གའི་གནས་ཚུལ་མཁོ་སྒྲུབ་གྱི་ལས་གཞི་འཛམ་གླིང་དམག་ཆེན་གཉིས་པ་ནས་བཟུང་ད་ལྟའི་བར་དུ་སྤེལ་བཞིན་པའི་ལས་གཞི་ཞིག་རེད། ལས་གཞི་དེའི་ཕུགས་དམིགས་ཀྱི་དགོས་མཁོ་ངོ་མ་ལས་གཞིར་ཞུགས་མཁན་རང་ཉིད་ནས་ཀྱང་གསལ་པོ་མཁྱེན་གྱི་མེད་པ་རེད། ཕྱོགས་སྡོམ་ཞིབ་འཇུག་སྙན་ཐོའམ་དཔྱད་རྩོམ་དེ་རིགས་སོ་སོའི་སློབ་གྲའི་ལས་ཁུངས་དང་འབྲེལ་ཡོད་མཁས་པའི་ཚོགས་ཆུང་བརྒྱུད་གསང་ལས་ཁང་ལ་འགྲོ་བཞིན་པ་རེད།
    བྱས་ཙང་། བཙན་བྱོལ་བོད་མིའི་ལོ་རྒྱུས་ནི་རྒྱ་ནག་གི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་རེད་ཟེར་མཁན་གྱི་རྒྱ་རིགས་འདི་དག་ཀྱང་དེ་ལས་མ་འདས་པར་བསམ་མོ།།

  2. དབུས་ཕྲུག་ཚེ་རིང་།

    འདི་ཚོས་ང་ཚོའི་བར་སྟོང་ཞིག་ནས་འཚངས་ཡོང་གི་ཡོད། དགེ་མཚན་ཡང་ལྡན་མོད། གཞན་ང་ཚོའི་དོན་དངོས་ལོ་རྒྱུས་ལ་བདེན་ཁ་སྟེར་མཁན་ཞིག་དཀའ། རྒྱུ་མཚན་ནི། ཁོ་མོས་བཤད་རྒྱུར། བཙན་བྱོལ་བོད་མིའི་ལོ་རྒྱུས་ནི་རྒྱ་ནག་གི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་ཞེས་པའི་ཧམ་བཤད་འདིས་མཚོན་ནུས།

  3. རྒྱ་མི་ཚོ་བོད་ས་ན་ཡོད།
    ད་རྡ་སར་ཡང་ཐོན་འདུག
    ངོ་མ་གྲོག་མ་རེད།
    རྒྱ་རྒན་ཝང་ལི་ཞོང་གཙོས་རྒྱ་མི་མང་པོས་བོད་དོན་ལ་སེམས་ཁུར་བྱ་ཁུལ་ཡོད་ཀྱང་། ལོ་རྒྱུས་ཀྱི་དོན་དངོས་ཁས་ལེན་གནང་མཁན་ཚོའོ་ཁྲང་ཆིན་དང་ཁྲིན་ཕོའོ་ཁུང་སོགས་གཅིག་གཉིས་ཙམ་རེད།