བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༩ བ་དེ་ཟླ་འདིའི་ཚེས་ ༡༦ ནས་ ༡༧ བར་གྱི་ཉིན་གཉིས་རིང་བཞུགས་སྒར་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་འཚོགས་ཡོད་པ་དང༌། ཐེངས་འདིའི་ཚོགས་ཞུགས་པའི་གྲས་སུ་དམིགས་བསལ་སྐུ་ཚབ་རྣམ་གཉིས་དང༌། རྒྱ་གར་ནང་གི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཡིན་འདུག ཚོགས་འདུའི་སྟེང༌། སྔར་ལོའི་སྤྱི་ཟླ་ ༡༡ ནང་རྒྱ་གཞུང་ལ་སྤྲད་པའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ཞེས་པའི་ཡིག་ཆ་དེར་རྒྱ་གཞུང་གིས་གོ་བ་ཞིབ་ཚགས་མ་ལོན་པ་དང༌། ཆེད་དུ་ལོག་འགྲེལ་བརྒྱབས་པ་ཁག་ལ་གསལ་བཤད་དང་འགྲེལ་བརྗོད་ཁ་གསལ་བཟོས་ཡོད་འདུག
དེ་རིང་སྔ་དྲོ་འདི་གའི་གསར་འགོད་པས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང༌། བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྣམ་གཉིས་ཀྱི་ཕྱག་རོགས། བོད་གཞུང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཚོགས་ཐེངས་ ༡༩ བའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དེ་ཚེས་ ༡༦ ནས་ ༡༧ བར་ཉིན་གཉིས་རིང་བཀའ་ཤག་ཏུ་འཚོགས་ཏེ། ཁ་སང་ཕྱི་དྲོ་གྲོལ་བ་རེད། ཐེངས་འདིར་བཀའ་བློན་ཁྲི་པ་དབུས་པའི་རྒྱ་གར་ནང་གི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་དང༌། འབྲེལ་མོལ་ལས་དོན་ཚོགས་ཆུང་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་གཉིས་བཅས་ཞུགས་ཡོད། གཞན་གསར་བ་ཡོད་པ་མ་རེད།
ཚོགས་འདུའི་དམིགས་ཡུལ་གང་ཡིན་ཟེར་ན། རྒྱ་ནག་གི་མགོ་ཁྲིད་ཚོས་དགོས་འདུན་བཏོན་པ་ལྟར། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་གཞི་རྩར་བཟུང་ཐོག སྔར་ལོའི་སྤྱི་ཟླ་ ༡༡ ནང་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་༼བོད་རིགས་ཡོངས་ལ་མིང་དོན་མཆུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ཞེས་པའི་ཡིག་ཆ་ཞིག་རྒྱ་གཞུང་ལ་སྤྲད་པ་དེ་ལ། རྒྱ་གཞུང་ཕྱོགས་ནས་བསམ་འཆར་ཡོངས་ཁྲིམས་འགལ་རེད་ཟེར་བ་དང༌། བསམ་འཆར་གྱི་ནང་དོན་དངོས་མ་རྟོགས་པར། མངོན་པར་མི་གསལ་བའི་རང་བཙན་དང་ཕྱེད་རང་བཙན། རྣམ་པ་བསྒྱུར་བའི་རང་བཙན་རེད་ཟེར་གྱིན་ཡོད་སྟབས། ཐེངས་འདིར་ཞི་མོལ་ལས་དོན་ཚོགས་ཆུང་གིས་རྒྱ་གཞུང་གི་དོགས་པ་རྣམ་རྟོག་སེལ་ཆེད། བསྐྱར་དུ་འགྲེལ་བརྗོད་ཅིག་བྱ་དགོས་པ་གལ་ཆེན་པོར་གཟིགས་ཏེ། ཐེངས་འདིར་ཉིན་གཉིས་རིང་ཁ་གསལ་བོས་ཐོག་ནས་འགྲེལ་བརྗོད་བཟོས་ཡོད་པ་རེད། ཅེས་གསུངས་བྱུང༌།
ཡང་ཁོང་ལ་ད་བར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་ ༡༩ ཙམ་འཚོགས་ཡོད་པ་རེད། དེ་དག་སྐུ་ཚབ་རྣམ་པ་རྒྱ་ནག་ལ་མ་ཕེབས་སྔོན་དང༌། རྒྱ་ནག་ནས་ཕྱིར་འཁོར་མཚམས་བཅས་ལ་ཚོགས་ཀྱིན་ཡོད་སྟབས། ཐེངས་འདིར་བོད་པའི་སྐུ་ཚབ་རྒྱ་ནག་ལ་ཕེབས་རྒྱུའི་གྲ་སྒྲིག་ཡོད་མེད་དང༌། ཡིག་ཆ་གཉིས་པ་དེ་བརྒྱུད་ལམ་གང་འདྲ་ཞིག་གི་ཐོག་ནས་རྒྱ་ནག་ལ་སྤྲོད་འཆར་ཡོད་ཚུལ་དྲིས་པར་ཁོང་གིས། བོད་པའི་སྐུ་ཚབ་རྒྱ་ནག་ལ་ཕེབས་མིན་སྐོར་ལ་ཐེངས་འདིར་གྲ་སྒྲིག་གང་ཡང་ཡོད་པ་མ་རེད་ལ། ཡིག་ཆ་གཉིས་པ་རྒྱ་ནག་ལ་སྤྲོད་ཕྱོགས་ལའང་ཐག་གཅོད་གང་ཡང་ཡོད་པ་མ་རེད། ང་ཚོ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་དོན་གང་རེད་ཟེར་ན། སྐུ་ཚབ་རྣམ་པར་ཕྱག་རོགས་ཞུ་རྒྱུ་དང༌། ཡིག་ཆ་བཟོ་རྒྱུ། ཡིག་ཆར་ཉམས་ཞིབ་བྱ་རྒྱུ་བཅས་རེད། ཐེངས་འདིར་ཞི་མོལ་ལས་དོན་ཚོགས་ཆུང་གིས་འགྲེལ་བརྗོད་ཀྱི་ཟིན་བྲིས་བཟོས་ཤིང༌། དེ་ལ་བགྲོ་གླེང་གོ་བསྡུར་ཞིབ་མོ་གནང་མཐར་སྣོན་འབྲི་བྱེད་པ་དང༌། ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་བཀའ་ཤག་ལ་ཕུལ་ཡོད་པ་རེད། བཀའ་ཤག་གིས་རྒྱབ་གཉེར་རག་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེར་སྙན་གསན་ཞུས་ཏེ། མཐའ་མའི་ཐག་གཅོད་དེ་༧རྒྱལ་བ་རིན་པོ་ཆེས་གནང་དགོས་པ་ཞིག་རེད། ཅེས་གསུངས་བྱུང༌།
གསར་འགོད་པས་ཁོང་ལ་ད་ལོའི་ཟླ་ ༤ ཚེས་ ༡༩ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་རྒྱ་ནག་ལ་ཡིག་ཆ་གཉིས་པ་ཞིག་སྤྲོད་འཆར་ཡོད་སྐོར་གསུངས་ཡོད་པ་དང༌། ཉེ་འཆར་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཕྱི་རྒྱལ་གྱི་གསར་འགོད་པ་དག་ལ། ཏཱ་ལའི་བླ་མའི་ཕྱོགས་ནས་༼བོད་མི་ལྷན་རྒྱས་ཡོངས་ཀྱི་ཆེས་མཐོའི་རང་སྐྱོང་བརྗེད་ཐོ་༽ཟེར་བ་དེ་གྲོས་མོལ་གྱི་སྔོན་འགྲོ་དང་རྨང་གཞིར་བྱས་ན། དེར་གྲོས་མོལ་བྱེད་འདོད་པའི་ལྷག་བསམ་རྣམ་དག་ཅིག་ཡོད་དམ། ཞེས་བརྗོད་ཡོད་པའི་ཐད་ལྟ་སྟངས་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ང་ཚོའི་ལས་དོན་ཚང་མ་ཕྱི་གསལ་ནང་གསལ་རེད། བཀའ་བློན་ཁྲི་པས་ཨ་རི་ནས་འགྲེལ་བརྗོད་ཀྱི་ཡིག་ཆ་གཉིས་པ་ཞིག་བཟོ་རྒྱུ་ཡིན་སྐོར་གསུངས་པ་ལྟར། ཐེངས་འདིར་ཡིག་ཆ་གཉིས་པ་དེ་བཟོས་གྲུབ་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་སྔར་ལོའི་འབྲེལ་མོལ་ཐེངས་བརྒྱད་པའི་རྗེས་ནས་ཕྱི་རྒྱལ་ཁག་ཏུ། ང་ཚོའི་ཡིག་ཆ་དེར་འཁྱོག་བཤད་བྱེད་སྟངས་དང༌། རྣམ་འགྱུར་སྟོན་སྟངས་གཅིག་པ་རེད། ཉེ་བའི་ཆར་ཡང་དེ་ལས་ལྷག་པ་དང༌། ཡང་ན་རྣམ་པ་འགྱུར་བ་དེ་འདྲ་གང་ཡང་མཐོང་གི་མེད། ཅེས་གསུངས་སོང༌།