ཨ་རིས་བོད་དོན་གྱི་གྲུབ་འབྲས་ངོ་མ་འཚོལ་གྱིན་ཡོད་ཟེར།

སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཤར་ཨེ་ཤ་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ལས་དོན་གྱི་དྲུང་ཆེ་ལས་རོགས་སུ་དམིགས་འཛུགས་བྱས་པའི་སྐུ་ཞབས་ཁུར་ཊི་ཨེམ་ཁམ་ཕེལ་ Kurt M. Campbell ལགས་ཀྱིས། ཕྱི་ཚེས་ ༡༠ ཉིན་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མདུན་ནས་ཉན་ཞིབ་གཏམ་བཤད་གནང་ཡོད་ལ། ཁོང་གིས་བོད་དོན་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་ཕྱོགས་ཀྱི་ལས་དོན་གལ་ཆེ་ཤོས་ཀྱི་གྲས་ཡིན་ཅེས་གསུངས་ཡོད།

ཁོང་ནི་ཨ་རིའི་ཕྱི་འབྲེལ་སྡེ་ཚན་གྱི་མཐོ་རིམ་ལས་བྱེད་ཁྲོད་ནས་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་མདུན་དུ་ཕེབས་མཁན་ཐོག་མ་དེ་ཆགས་ཡོད་ལ། ཚོགས་ཆུང་འདིས་ཨ་རིའི་བོད་ཀྱི་སྲིད་བྱུས་ཀྱི་རྐང་འགན་ཡང་ཁུར་ཡོད། ད་དུང་བོད་དང་འབྲེལ་བའི་མཐོ་རིམ་ལས་བྱེད་དེ། ངལ་རྩོལ་དང་འགྲོ་བ་མིའི་ཐོང་ཐང་། དམངས་གཙོ་བཅས་ཀྱི་དྲུང་ཆེ་ལས་རོགས་དང་། མི་འབོར་དང་སྐྱབས་བཅོལ། ཡུལ་མི་གནས་སྤོར་སྡེ་ཚན་གྱི་དྲུང་ཆེ་ལས་རོགས། ཨ་རིའི་རྒྱ་ནག་གི་དོན་གཅོད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཅས་ཀྱང་འབྱུང་འགྱུར་གྱི་བདུན་ཕྲག་འགའི་ནང་དུ་ལས་གནས་སུ་བསྐོ་རྒྱུ་ཡིན་འདུག

སྐུ་ཞབས་ཁུར་ཊི་ལགས་ཀྱིས་ཉན་ཞིབ་སྐབས་གསུངས་དོན། བོད་དང་འབྲེལ་བའི་གནད་དོན་མཐའ་དག་ནི་ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ཀྱི་ལས་དོན་གཙོ་བོའི་གྲས་ཡིན་ཅེས་དང་། བོད་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་དང་། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་། ཆོས་དད་རང་དབང་བཅས་ལ་བརྩི་བཀུར་བྱེད་པར་སྐུལ་རྒྱུ་སོགས་ནི་ཨ་རིས་རྒྱ་ནག་ལ་འབྲེལ་བ་འཛིན་པའི་ལས་དོན་གཙོ་བོའི་གྲས་ཡིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁི་ལིན་ཊོན་གྱིས་ཕྱི་ཟླ་གཉིས་པའི་ནང་ཨེ་ཤ་ཡར་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་བྱེད་པ་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་དོན་སྙིང་ལྟེ་བ་དེ་ཡིན་པར་གསུངས་ཡོད་ལ། རྒྱ་ནག་དང་མཉམ་དུ་དཀའ་རྙོག་ཆེན་པོ་དག་ལ་གདོང་ལེན་བྱ་དགོས་ན། ང་ཚོས་ལྟ་བ་མི་མཐུན་སའི་གནད་དོན་ཁག་སྟེ། འགྲོ་བ་མིའི་ཐོབ་ཐང་། བོད་དོན། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་བཅས་ཀྱི་ཐད་ལ་དྲང་བདེན་གྱི་གྲོས་མོལ་བྱ་དགོས་ཀྱི་ཡོད། ཅེས་གསུངས་ཡོད།

ཡང་ཁོང་གིས། ང་ཚོས་དྲང་བདེན་གྱི་ཐོག་ནས་རྒྱ་ནག་གི་མགོ་ཁྲིད་ཚོ་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐྱོ་བོ་དེའི་ཐད་བློ་འཚབ་ཡོད་སྐོར་གླེང་རྒྱུའི་གོ་སྐབས་འཚོལ་རྒྱུ་དེ་རྒྱུན་མཐུད་ཀྱི་ཡིན་ལ། སྲིད་འཛིན་ཨོ་བྷ་མ་དང་ཕྱི་སྲིད་དྲུང་ཆེ་ཁི་ལིན་ཊོན་རྣམ་གཉིས་ཀྱིས་རྒྱ་ནག་གི་མགོ་ཁྲིད་མཐོ་ཤོས་ཚོའི་མཉམ་དུ་བོད་དོན་སྐོར་གླེང་ཡོད་ལ། ངས་ཀྱང་གླེང་གི་ཡིན། དེ་དང་མཉམ་དུ། ང་ཚོས་བོད་པ་ཚོར་རྒྱ་ནག་གི་མགོ་ཁྲིད་ཚོའི་མཉམ་དུ་བཀའ་མོལ་གནང་རྒྱུར་མུ་མཐུད་བརྩོན་དགོས་པར་བསྐུལ་གི་ཡིན་ལ། བོད་མི་ཚོའི་འཚོ་བའི་གནས་སྟངས་ལ་དོན་དངོས་དང་མཐུན་པའི་ཡར་རྒྱས་གཏོང་ཐུབ་སའི་གནས་སྟངས་གང་དང་གང་ཡོད་མེད་ངོས་འཛིན་གསལ་བོ་བྱ་རྒྱུར་སྐུལ་གི་ཡིན། ཅེས་གསུངས་འདུག

གཞན་ཡང་ཁོང་གིས། ཨ་རིའི་སྲིད་གཞུང་འདིའི་ངོས་ནས། རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་ཚོའི་བར་གྱི་བཀའ་མོལ་གྱི་རིམ་པ་དེ་ནི་ཀྲུང་གོའི་བོད་ས་ཁུལ་དུ་ཡུན་རིང་ལྷག་པའི་དཀའ་རྙོག་རྣམས་སེལ་ཐབས་དང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས་ལུགས། ངོ་རྟགས། མི་རིགས་བཅས་སྲུང་སྐྱོབ་བྱེད་པའི་གཞི་རྩ་དེ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ང་ཚོས་དོན་སྙིང་ཡོད་པའི་འབྲེལ་མོལ་ལ་སྐུལ་རྒྱུ་དང་། འགྲུབ་ཐུབ་པའི་དོན་དམ་གྱི་མཇུག་འབྲས་ཤིག་ལ་མཛུབ་སྟོན་བྱ་གི་ཡིན། ཅེས་གསུངས་ཡོད་པ་རེད།

བསྐྱར་བཅོས།: ༢༠༠༩/༠༦/༡༩

Leave a Reply

5 thoughts on “ཨ་རིས་བོད་དོན་གྱི་གྲུབ་འབྲས་ངོ་མ་འཚོལ་གྱིན་ཡོད་ཟེར།

  1. མི་ནག་ཚང་ལུང་རིགས་རྒྱལ།

    ཡིན་ཡང་། མཉམ་འབྲེལ་རྒྱལ་ཚོགས་ནི་ཇི་འདྲའི་ནུས་མེད་ཅིག་ཆགས་འདུག རྒྱལ་ཚོགས་ཀྱིས་ཀྱང་ཁ་གྲགས་དགོས་པའི་ཚད་རེད། ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཡང་བོད་ནང་ལ་འགྲོ་བཅུག་ཡོད་པ་མ་རེད། དོན་དངོས་ཐོག ཁོ་ཚོའི་སྒྲིག་གཞི་ལྟར་ན། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ནི་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་གང་དུའང་རང་དབང་གིས་འགྲོ་ཆོག་གི་ཡོད་བསམ་པ་ཞིག་ཡོད།