འཁྲུལ་སྣང་གི་མི་ཚེ།
གངས་སྨྱོན་གྱི་རྩོམ་བཏུས།
བྱ་དོར , ཕུན་ཚོགས་དབང་ཕྱུག་ལགས་ཀྱི་བརྩམས་པའི་༼ འཁྲུལ་སྣང་གི་མི་ཚེ ༽ཞེས་བའི་སྙན་རྩོམ་དེབ་ཕྲེང་གཉིས་པ་དེ། ༢༠༠༩ ལོའི་ཟླ་ ༥ བར་ལྡི་ལི་གསར་པ་སི་བྷི་ཌི་པར་ཁང་ནས་དཔར་ཐེངས་དང་པོ་དཔར་འགྲེམས་ཞུས་ཡོད་པ་དང། དཔེ་དེབ་དེར་ཚན་པོ་གསུམ་དང་ཤོག་དངོས་ ༡༥༨ ཡོད། སྐྱེས་སྐར་གྱི་མཚན་མོའི་ངུ་སྐད་ཕྲ་མོ་ཞེས་པའི་ཚན་པའི་ནང་དུ་ ༼ མི་ཡུལ་ནས་འཐོར་བའི་མིག་ཆུ ༽དང་༼ ཁ་བའི་འབྲོག་མོ ༽༼ དམར་ཆུང་སྙིང་ཁར་འཕྱོ་བའི་ཀ་ཕྲེང ༽སོགས་བཅད་རྩོམ་ ༡༡ དང༌། དམར་ཁྲག་འཛར་བའི་བྱིས་པའི་སེམས་ཁམས་ཞེས་པའི་ཚན་པའི་ནང་དུ། ༼ མཐོ་སྒང་གི་གླག་རྒོད ༽དང་༼ སྟོན་ཀ་དང༌། ངའི་མི་རིགས ༽༼ རི་གྲོང་དུ་བཞུགས་པའི་སྐྱཻད་མ ༽༼ འཕྱོངས་རྒྱས་ཟླ་བ་སྒྲོལ་མ ༽སོགས་རང་མོས་ ༢༩ ། དེ་བཞིན། སྨུག་སྤྲིན་གྱིས་སྒྲིབ་པའི་ལང་ཚོའི་མདུན་ལྗོངས་ཞེས་པའི་ཚན་པའི་ནང་དུ། ༼ ཕྱིར་འོང་མེད་པའི་ཉི་གཞོན ༽དང་༼ དྲོན་མོ ༽སོགས་ལྷུག་རྩོམ་ ༣ བཅས་ཁྱོན་བསྡོམས་རྩོམ་ཡིག་ ༤༣ ཙམ་བསྡུ་སྒྲིག་བྱས་ཡོད།
དཔེ་དེབ་དེའི་མགོ་བརྗོད་ཀྱི་ཚུལ་དུ་རྩོམ་པ་པོ་བཅུད་པར་རྫ་སྐྱེས་ལགས་ཀྱིས་༼ འཁྲུལ་སྣང་གི་མི་ཚེ ༽བཀླགས་པའི་མྱོང་སྣང་གི་ཚུལ་དུ་ཕྲན་དཔྱད་ཅིག་བྲིས་ཡོད་པའི་ནང། སྙན་ངག་པ་སྐུ་ཞབས་གངས་སྨྱོན་ལགས་ཀྱིས་ཀྱང། ཡུལ་གྱར་བའི་འཚོ་གནས་ཀྱི་གྲུ་ཟུར་ཞིག་ནས་རང་རིགས་ཀྱི་ད་ལྟའི་ཆག་འཇིག་གི་ལོ་རྒྱུས་ལ་ཕྱིར་མིག་རེ་ལྟ་བཞིན་༼ འཁྲུལ་སྣང་གི་མི་ཚེ ༽ཞེས་པའི་སྙན་དེབ་ཅིག་ད་ཐེངས་ཀློག་མཁན་དག་གི་མིག་ལམ་དུ་བསྟར་བྱུང་བ་འདི་ལས། ང་ཚོས་ཁོང་གི་ལྷོད་མེད་ཀྱི་བརྩོན་སེམས་དུངས་སྣང་གིས་བཞེངས་སྐྲུན་བྱས་པའི་ཚོར་བ་ཟབ་མོ་དེར་གདེང་འཇོག་བྱ་ཆོག་པ་ཞིག་རེད། ཅེས་བཀོད་འདུག
དེ་བཞིན། མཇུག་བྱང་གི་ཚུལ་དུ་རྩོམ་པ་པོ་རང་ཉིད་ཀྱིས་རེ་འདུན་ནམ་ཁ་ཆེམས་ཀྱི་ཚུལ་དུ་བརྗོད་དོན། བརྩེ་ལྡན་གྱི་ཀློག་མཁན་རྣམ་པ་ཚོ། འགྲོ་ལུགས་མིན་པའི་འགྲོ་ལུགས་ཀྱི་སྤྱི་འགྲོས་ལྟར། ངས་རང་ཉིད་ཀྱི་སྙན་དེབ་ཧྲེང་ཧྲེང་དེའི་འཚོལ་སྙེག་དང་གཞིགས་རྩོད་ཅི་ཡིན་ཐད། ཚིག་དུམ་འགའ་ཞིག་མཇུག་བསྡུར་བཤམས་ནས་ཁོ་བོའི་ཤི་ཟིན་པའི་སེམས་པ་རྨས་མ་དེའི་ཁ་ཆེམས་དང། རོལ་དབྱངས་དཀྲོལ་ན་འདོད་ལ། རང་ཉིད་སུ་ཡིན་མིན་དཔྱད་ཞིབ་རོལ་བའི་ཉིན་མོ་དེ་ནས་བཟུང། ཀ་ཁའི་གླུ་དབྱངས་དང་ཡིག་དྲུག་གི་རྒྱགས་གྲོ་གཉིས་སྐྱེད་མའི་གནང་སྦྱིན་ལས། སློག་ཧྲུལ་དང་སྦུད་པ་གཅིག་པུས་དུས་ཚོད་ཀྱི་རྗེས་ཆོད་མི་སྲིད་པའི་གནས་ལུགས་ཀྱིས་སེམས་པ་བཅུམས། ཞེས་བཀོད་འདུག
བྱ་དོར , ཕུན་ཚོགས་དབང་ཕྱུག་གམ། སྨྱུག་མིང་གངས་སྨྱོན་ལགས་ནི། སྤྱི་ལོ་ ༡༩༧༤ ལོར་ལྷོ་ཁ་འཕྱོངས་རྒྱས་རྫོང་ཁོངས་དཔལ་རི་གྲོང་སྡེར་སྐྱེས་ཤིང། རང་ལོ་དྲུག་ནས་ཉེར་གཅིག་བར་བོད་ནང་གི་སློབ་གྲྭ་ཆུང་འབྲིང་འགྲིམ་ཞིང། ༡༩༩༤ ནས་ ༡༩༩༩ བར་ལྷ་ས་གྲྭ་བཞིའི་བཙོན་མུན་ནས་ཡ་ང་བའི་འཚོ་བའི་གནམ་ཟླ་བསྐྱལ། ༢༠༠༠ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཏེ་མུ་མཐུད་སློབ་སྦྱོང་གི་ཞོར་དུ་རྩོམ་འབྲིའི་ལས་ལ་གཞོལ་གྱིན་ཡོད། ཁོང་གིས་ད་བར་༼ རང་དབང་གི་མིག་ཆུ ༽ཞེས་པའི་མི་ཚེ་ལོ་རྒྱུས་དང། ༼ སྐྱུག་བྲོ་བའི་འཇིག་རྟེན ༽ཞེས་པའི་སྙན་ངག་གི་དེབ་ཕྲེང་དང་པོ། ཐེངས་འདིའི་༼ འཁྲུལ་སྣང་གི་མི་ཚེ ༽ཞེས་པའི་སྙན་ངག་དེབ་ཕྲེང་གཉིས་པ་བཅས་དཔེ་དེབ་གསུམ་ཙམ་འདོན་སྤེལ་བྱས་ཡོད།