ཁོང་ཁྲོའི་དབང་གིས་མིག་ལོང་བར་གྱུར་ན་ནོར་འཁྲུལ་རེད།

ཉིན་ཤས་སྔོན་༧གོང་ས་མཆོག་ལ་མཇལ་འཕྲད་བྱས་པའི་རྒྱ་རིགས་རང་དབང་གི་རྩོམ་པ་པོ་དང་། དངོས་ལུགས་དང་སྐད་བརྡ་རིག་པའི་ཆེད་མཁས་པ་སྐུ་ཞབས་ཀྲུའུ་ཧྲིན་ཡོན་ལགས་སུ་བཅར་འདྲི་བྱས་པ་གཤམ་གསལ་ལྟར་ལགས།

ཐོག་མར་སྐུ་ཉིད་ངོ་སྤྲོད་ཅིག་གནང་རོགས།
ལན། ང་རང་སྔོན་མ་དངོས་ལུགས་རིག་པར་ཞིབ་འཇུག་བྱེད་མཁན་ཞིག་ཡིན། ཡིན་ཡང། ད་ལྟ་དེའི་ཐོག་ཞིབ་འཇུག་བྱེད་ཀྱིན་མེད་པར་ལོ་རྒྱུས་དང་སྐད་བརྡ་རིག་པའི་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད། ངས་སྐད་བརྡ་རིག་པའི་ཐོག་ལ་ཞིབ་འཇུག་བྱེད་དོན་ནི། རིག་གཞུང་འདི་བརྒྱུད་འགྲོ་བ་མིའི་རིགས་དང་ཕ་མེས་ཡང་མེས་དག་གི་ལོ་རྒྱུས་ཀྱི་བྱུང་བར་འཚོལ་ཞིབ་དང་ཞིབ་འཇུག་བྱེད་བཞིན་ཡོད་ལ། ལྷག་པར་དུ་རྒྱ་ནག་བྱང་ཕྱོགས་ཀྱི་ཧོར་སོག་དང་མན་ཇི། ཡུ་གུར་སོགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་བརྒྱུད། དེ་དག་དང་བོད་མི་རིགས་ཀྱི་འབྱུང་ཁུངས་དང་ལོ་རྒྱུས་ཀྱི་འབྲེལ་བ། དེ་བཞིན་དེ་དག་གི་བྱུང་རིམ་དང་འབྲེལ་བའི་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད། ང་ལ་མཚོན་ན་ལོ་རྒྱུས་འདི་དག་ནི་མིའི་རིགས་ཀྱི་རིག་གནས་ཞིབ་འཇུག་གི་སྡེ་ཚན་དང་མ་ལག་ཞིག་ཏུ་ངོས་འཛིན་བྱས་ཏེ་ཞིབ་འཇུག་བྱེད་ཀྱིན་ཡོད།

དྲི་བ། ཐེངས་འདིར་ཁྱེད་ཅག་རང་དབང་ཅན་གྱི་རྩོམ་པ་པོ་དྲུག་འདི་ཕེབས་ཡོད་པ་དང་། དེའི་ཁྲོད་ཀྱི་བཞི་ཨ་རི་ནས་ཕེབས་པ་དང་གཉིས་རྒྱ་ནག་ནང་ཁུལ་ནས་ཕེབས་ཡོད་ཚུལ་བརྗོད་བྱུང། ཁྱེད་ཅག་ཐེངས་འདིར་ཕེབས་པའི་དམིགས་ཡུལ་གཙོ་བོ་ཅི་ཞིག་ཡིན་ནམ།
ལན།  ཐེངས་འདིར་ང་ཚོ་བཙན་བྱོལ་བོད་གཞུང་གིས་མགྲོན་འབོད་བྱས་སྟབས། ང་ཚོ་མི་དྲུག་མཉམ་རུབ་ཐོག་ངྷ་རམ་ས་ལར་ཡོང་བ་ཡིན། དེའི་ཁྲོད་ཀྱི་མི་བཞི་ཨ་རི་ནས་ཕེབས་ཤིང་གཞན་གཉིས་རྒྱ་ནག་ནང་ཁུལ་ནས་ཕེབས་པ་རེད། ང་ཚོ་ངྷ་སར་ཡོང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཏཱ་ལའི་བླ་མར་མཇལ་འཕྲད་དང་མཉམ་དུ་བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་སྒྲིལ་དང་འབྲེལ་ལམ་གསར་འཛུགས་ཆེད་ཡོང་བ་ཡིན་ལ། བཙན་བྱོལ་བོད་མིའི་གཞུང་འབྲེལ་མི་སྣ་དང་།  སློབ་གྲྭ་དང་དགོན་སྡེ་ཁག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་རང་དབང་ལྡན་པའི་མི་སྣ་དང་ཐུག་འཕྲད་བྱས་ཏེ། བཙན་བྱོལ་བོད་མིའི་སྲིད་བྱུས་དང་སྒྲིགས་འཛུགས་སོགས་དངོས་ཡོད་གནས་སྟངས་རྒྱུས་ལོན་བྱ་ཆེད་ཡོང་བ་ཡིན།  ཡིན་ནའང། གཙོ་ཆེ་བ་དེ་ཏཱ་ལའི་བླ་མས་བོད་རྒྱ་མི་རིགས་གཉིས་ཀྱི་མ་འོངས་མཉམ་གནས་ལ་འཛིན་པའི་སྲིད་བྱུས་དང་ལྟ་སྟངས་རྒྱུས་ལོན་བྱ་ཆེད་ཡིན་ལ། ང་ཚོས་ཤེས་རྟོགས་བྱུང་འདོད་པའང་འདི་ཡིིན།

དྲི་བ། ཕྱི་ཚེས་ ༡༦ ཉིན་ཁྱེད་ཅག་༧གོང་ས་མཆོག་ལ་མཇལ་འཕྲད་ཀྱི་གོ་སྐབས་ཐོབ་ཡོད་པ་དང་། དུས་ཡུན་ཆུ་ཚོད་གསུམ་རིང་བཀའ་མོལ་བྱུང་ཡོད་འདུག  བཀའ་མོལ་གཙོ་བོ་ཅི་ཞིག་གནང་ཡོད་དམ།
ལན། ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་ཆུ་ཚོད་ ༣ རིང་བཀའ་མོལ་གྱི་གོ་སྐབས་བྱུང་། གོ་སྐབས་འདི་ང་རང་ལ་མཚོན་ན་དུས་ནམ་ཡང་ཐོབ་དཀའ་བའི་གོ་སྐབས་ཤིག་དང་ང་རང་གི་གཟི་བརྗིད་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།  ཁོང་གིས་ང་ཚོར་འདི་འདྲའི་གོ་སྐབས་ཤིག་དང་དཀྱེལ་ཡངས་དང་འཛེམས་མེད་ཀྱི་སྒོ་ནས་གླེང་མོལ་བྱས་པ་དེར་ང་རང་སེམས་འགུལ་ཐེབས་བྱུང། ཐེངས་འདིར་ང་ཚོའི་བཀའ་མོལ་གྱི་ནང་དོན་རྒྱ་ཆེ་ཞིང་གུ་ཡངས་པ་མ་ཟད། བོད་རྒྱ་མི་རིགས་གཉིས་ཀྱི་མིག་སྔར་གྱི་དཀའ་རྙོག་དང་མ་འོངས་པའི་སྐོར་ལ་གླེང་མོལ་བྱས་པ་ཡིན། བོད་རྒྱ་མི་རིགས་གཉིས་མཉམ་གནས་ཀྱི་དུས་ཡུན་རིང་ཡང་། ཕན་ཚུན་བར་གྱི་འགལ་བ་ཛ་དྲག་གི་གནས་སུ་གྱར་ཡོད་སྟབས། ང་ཚོས་འགལ་བ་འདི་སེལ་བའི་ཐབས་ལམ་ཡག་ཤོས་དེ་མཐུན་སྒྲིལ་ལ་ཕྱོགས་རྒྱུ་དེ་རེད། འདི་ནི་ཏཱ་ལའི་བླ་མའི་དགོངས་པ་རེད་ལ་ང་ཚོའི་འདོད་བློའང་ཡིན།  ཏཱ་ལའི་བླ་མས། བོད་མི་རིགས་འདི་ཉིད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་འོག་མི་རིགས་རང་སྐྱོང་གི་གནས་བབ་ཆ་ཚང་བ་ཞིག་སྤྲད་པའི་ཐོག་རྒྱ་གཞུང་དང་མཉམ་གནས་བྱ་རྒྱུ་ཡིན་པའི་སྐོར་ལ་བཀའ་མོལ་བྱུང་སོང་། ཁོང་གིས། གལ་སྲིད་རྒྱ་གཞུང་གིས་སྒེར་གཅོད་ཀྱི་སྲིད་བྱུས་འདི་མེད་པར་བཟོས་ཚེ། མིའི་བཟང་སྤྱོད་ཀྱི་ནུས་པ་རང་ཤུགས་ཀྱིས་མངོན་ཡོང་གི་རེད། སྐབས་དེར། མི་ཚང་མས་ཕན་ཚུན་ལ་རྫུན་ཕྲ་མའི་ལས་བྱེད་ཀྱིན་མ་རེད་ལ། ཁྲིམས་འགལ་གྱི་བྱ་སྤྱོད་ཀྱང་སྤེལ་གི་མ་རེད། རྒྱ་ནག་ནང་མིའི་བཟང་སྤྱོད་ཀྱི་ནུས་པ་འཕེལ་རྒྱས་སུ་འགྲོ་ཐུབ་ཀྱི་མེད་པ་དེ་དྲག་གནོན་དང་བཙན་གནོན་ལས་བྱུང་བ་རེད། ཅེས་གསུངས་བྱུང། ཏཱ་ལའི་བླ་མ་ནི་མི་རིགས་དང་རིགས་རུས་ཀྱི་དབྱེ་བ་མེད་པའི་གང་ཟག་ཁྱད་པར་ཅན་ཡིན་པ་མ་ཟད། རྣམ་དཔྱོད་དང་དཀྱེལ་ཡངས་ཀྱི་བསམ་བློ་ཙན་ཞིག་ཡིན་སྟབས། ཁོང་གི་བསམ་བློའི་འདུ་ཤེས་དེ་ནི་ང་ཚོ་དེང་རབས་མིའི་རིགས་ཀྱི་ཁྲོད་དུ་མེད་དུ་མི་རུང་བའི་ཁྱད་ནོར་དང་དགོས་མཁོ་ཆེ་ཤོས་ཤིག་རེད།  

དྲི་བ། ཁྱེད་རང་འདིར་ཕེབས་ཏེ་བདུན་ཕྲག་གཅིག་འགྲོ་གིན་ཡོད་པ་རེད། དུས་ཡུན་འདིའི་རིང་གི་རྒྱུས་ལོན་ལས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདིར་མཐོང་སྣང་གང་འདྲ་ཞིག་བྱུང་སོང།
ལན། ཐེངས་འདི་ནི་ང་རང་ངྷ་རམ་ས་ལར་ཡོང་བ་དང་པོ་ཆགས་ཡོད། འདིར་ཡོང་ནས་ཐོག་མར་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་དང་སློབ་གྲྭ་ཁག་གི་དགེ་སློབ། དགོན་སྡེ་ཁག་སོགས་སུ་ཕྱིན་པ་ཡིན། དེ་མིན་ཁྲོམ་ལམ་ན་ཡོད་པའི་བོད་མི་མང་པོར་ཐུག་འཕྲད་བྱས་ཏེ་ཁ་བརྡ་བྱེད་པའི་གོ་སྐབས་བྱུང། གཞུང་ཞབས་ཀྱི་ལས་བྱེད་མི་སྣ་དེ་དག་སྤྱི་ཚོགས་ཀྱི་རྐང་འཛིན་པར་གྱུར་ཡོད་འདུག་ལ། དེ་དག་གི་ཤེས་ཡོན་ཚད་མཐོ་བ་དང་། ཀུན་སྤྱོད་དང་བྱ་བ་སྒྲུབ་སྟངས་སོགས་ཕྱོགས་ཡོངས་ནས་ཡག་པོ་མཐོང་བྱུང། དེ་བཞིན་སློབ་གྲྭ་ཁག་ཏུ་བོད་ཀྱི་རོང་འབྲོག་ས་ཁུལ་ནས་འབྱོར་བའི་སློབ་མ་མང་པོ་འདུག་ལ། དེ་དག་གིས། རང་ཉིད་ཀྱི་ཕ་མ་དང་ཕ་ཡུལ་རྒྱབ་དུ་བསྐྱུར་ཏེ་ཕུགས་འདུན་ཟབ་མོས་མི་རིགས་རང་གི་རིག་གཞུང་རྒྱུད་འཛིན་ཐད་འབད་བརྩོན་བྱེད་བཞིན་པ་འདི་ང་རང་ཡིད་སྨོན་གྱི་གནས་སུ་གྱུར། དེ་བཞིན། ང་ཚོ་སུ་ཇཱ་སློབ་གྲྭའི་གཡས་གཡོན་གྱིི་དགོན་པ་ཁག་ཅིག་ཏུ་སོང་བ་ཡིན། སྤྱིར་ང་རང་ཆོས་ལུགས་ཀྱི་ཕྱོགས་ལ་དེ་འདྲའི་ཆ་རྒྱུས་མེད། ཡིན་ནའང། ང་རང་གི་བལྟས་ཚོད་ཀྱིས་དགོན་སྡེ་ཁག་ཧ་ཅང་རྒྱ་ཆེན་པོ་དེ་འདྲ་བརྒྱབ་འདུག  དེ་ལ་དངུལ་མང་པོའི་འགྲོ་སོང་ཡོད་ཀྱི་རེད་བསམ། ངྷ་སའི་ཉེ་འཁོར་གྱི་མི་མང་གི་འཚོ་བ་དེ་འདྲ་བཟང་རྒྱུ་མི་འདུག་པས་དགོན་པ་ཆུང་དུ་བཏང་སྟེ། མི་མང་གི་འཚོ་བའི་ཕྱོགས་སུ་འགྲོ་སོང་གཏོང་ཐུབ་ཚེ་ཡག་པོ་འདུག་བསམ་སོང་། འདི་ནི་ང་རང་གི་དྲན་ཚུལ་ཙམ་ཞིག་ཡིན། ངྷ་སའི་ཉེ་འཁོར་གྱི་མི་མང་པོ་ཞིག་ལ་དངོས་སུ་ཁ་བརྡ་བྱས་པ་ཡིན་ལ། ཁོང་ཚོ་མང་ཆེ་བ་མཚོ་སྔོན་ཕྱོགས་ནས་རེད། འདི་དག་ལོ་ཚོད་ཀྱང་མི་ཆུང་བས་སློབ་སྦྱོང་གི་གནད་དོན་ཞིག་མ་རེད་བསམ། གང་ལྟར། གནས་སྟངས་འདི་དག་ལ་རྒྱུས་ལོན་བྱས་པ་བརྒྱུད་བཙན་བྱོལ་བོད་གཞུང་ལ་ད་དུང་ཕྱོགས་ཡོངས་སུ་ཐག་གཅོད་བྱ་དགོས་པའི་གནད་དོན་མང་པོ་ཞིག་འདུག་བསམ་སོང།
དྲི་བ། ཁྱེད་རང་གིས་ཏཱ་ལའི་བླ་མ་མི་འདྲ་བ་གང་ཞིག་ལ་མཐོང་བྱུང། 
ལན། ངས་བོད་ཀྱི་ཆབ་སྲིད་སྐོལ་ལ་རྒྱུས་ལོན་དེ་འདྲ་བྱུང་མེད། ཡིན་ནའང་། ཏཱ་ལའི་བླ་མའི་གནའ་རབས་ལོ་རྒྱུས་སྐོར་ལ་ངས་མང་པོ་བལྟས་མྱོང། ཁོང་དང་མཇལ་འཕྲད་ཀྱི་གོ་སྐབས་དང་པོ་དེ་ལོ་འདིའི་སྤྱི་ཟླ་ ༥ བའི་ནང་ཨ་རིའི་ནིའུ་ཡོག་ཏུ་རྒྱ་མི་རིགས་ཀྱི་ཤེས་ལྡན་པ་དང་དམངས་གཙོ་དོན་གཉེར་བ་མི་སྣ་ ༡༥༠ ལྷག་དང་མཉམ་དུ་ཁོང་དང་མཇལ་བའི་གོ་སྐབས་བྱུང་པ་དང་། ཐེངས་འདི་ནི་ང་རང་མཇལ་ཐེངས་གཉིས་པ་ཡིན། ཏཱ་ལའི་བླ་མ་ནི་མི་ཟོལ་མེད་གཞུང་དྲང་དང་བློ་བག་ཡངས་པོའི་གང་ཟག་ཅིག་རེད། ཁོང་གིས་ང་ཚོར་སྤུན་ཟླ་ལྟ་བུའི་འདུ་ཤེས་སྟེང་བཀའ་མོལ་གནང་བྱུང། སྐབས་དེ་དང་ད་ལྟ་གཉིས་རྣམ་པས་སྟེང་ནས་མི་འདྲ་བ་ཞིག་ཡིན་ནའང་། སྐབས་དེར་ང་ཚོར་མི་མང་པོ་ཡོད་སྟབས་གོ་སྐབས་རག་མ་སོང་། ཐེངས་འདིར་ང་ཚོ་མི་ཉུང་བས་གོ་སྐབས་མང་པོ་རག་སོང་། ཁོང་གིས། ང་ཚོ་བོད་རྒྱ་མི་རིགས་གཉིས་ཀྱི་མི་མང་བར་གྱི་མཐུན་ལམ་ཐད་མང་པོ་ཞིག་གསུངས་སོང་ལ། མ་འོངས་པར་ང་ཚོ་རྒྱ་རིགས་ཤེས་ལྡན་པ་དག་གིས་གནས་སྟངས་ཡང་དག་རྒྱུས་ལོན་བྱས་པའི་སྟེང་ནས་གནས་ཚུལ་འགྲེལ་བརྗོད་བྱ་དགོས་པའི་བཀའ་སློབ་གནང་སོང། ང་རང་གིས་བསམ་ན། ཏཱ་ལའི་བླ་མས་བོད་དོན་ཐད་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད་པ་དང་། ཁོང་ཉིད་ཀྱི་རྣམ་དཔྱོད་དང་མཛད་འཕྲིན་ལ་བརྟེན་ནས་བོད་ཀྱི་གནད་དོན་འདི་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པར་གྱུར་ཡོད་ལ། འཛམ་གླིང་མི་མང་གི་དོ་སྣང་གི་ཡུལ་དུ་བསྐྱལ་བ་རེད། དེ་བས་ཁོང་ཉིད་ནི་བོད་མི་རིགས་གཙོས་འཛམ་གླིང་ཞི་བདེ་ལ་མེད་དུ་མི་རུང་བའི་སྐྱེ་བུ་ཞིག་རེད་ལ། བོད་རྒྱ་མི་རིགས་གཉིས་ཀྱི་འདུམ་སྒྲིག་གི་ལྡེ་མིག་ལྟ་བུ་ཞིག་རེད། 

དྲི་བ། རྒྱ་གཞུང་གིས། སྔོན་མ་ནས་ཏཱ་ལའི་བླ་མ་སྐུ་མྱ་ངན་ལས་འདའ་བར་བསྒུག་ཡོད་ཚུལ་དང་། ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་མ་གནང་བ་ཡིན་ན་བོད་ཀྱི་གནད་དོན་ཡང་རང་བཞིན་གྱིས་མེད་འགྲོ་བའི་གནས་ཚུལ་གླེང་གི་ཡོད་པ་རེད། སྐུ་ཉིད་ནས་འདིའི་སྐོར་ལ་བལྟ་སྟངས་གང་འདྲ་བཟུང་ཡོད་དམ། 
ལན། ངས་གནད་དོན་འདི་ཕྱོགས་གཉིས་ལ་བལྟས་ཏེ་དབྱེ་ཞིབ་བྱེད་ཀྱིན་ཡོད། གཅིག བཙན་བྱོལ་དུ་ཡོད་པའི་བོད་མི་དང་། གཞན་དེ། བོད་ནང་ཁུལ་དུ་ཡོད་པའི་བོད་མི་རེད། ངས་བསམ་ན་མ་འོངས་པའི་དུས་ཤིག་ལ་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་ཐུབ་ཀྱི་རེད་བསམ། ད་ལྟའི་ཏཱ་ལའི་བླ་མའི་བདེ་ཐང་གི་གནས་སྟངས་ལ་བལྟས་ཚེ་མ་འོངས་པའི་ལོ་ ༡༠ དང་ཡང་ན་ ༢༠ རིང་ཁོང་ཉིད་བཞུགས་ངེས་རེད། གལ་སྲིད། ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་མ་གནང་བའི་དུས་སྐབས་སུ་སླེབས་པ་ཡིན་ན། རྒྱ་ནག་གཞུང་ལའང་རང་ཤུགས་ཀྱིས་གནོད་པ་མི་ཉུང་བ་ཞིག་འབྱུང་གི་རེད་བསམ། ངས་དུས་ནམ་ཡིན་ཡང་གཞན་གྱི་ཤི་རྐྱེན་ལ་བརྟེན་ནས་ངེད་གཉིས་ཀྱི་གནད་དོན་ཐག་གཅོད་པའི་རིགས་འདི་ལ་དགའ་མོས་དང་རེ་བ་བྱེད་ཀྱིན་མེད། ང་ཚོ་ཕན་ཚུན་མ་ཤི་བར་གནས་ཚུལ་ཡང་དག་སྒོས་ཐག་གཅོད་རྒྱུ་ནི་ཐབས་ལམ་ཡག་ཤོས་ཤིག་རེད་བསམ། ཏཱ་ལའི་བླ་མ་མི་སྒེར་བ་ཞིག་རེད། ཁོང་ཉིད་དུས་ནམ་ཡིན་ཡང་འདས་སྲིད་པ་ཞིག་རེད། རྒྱ་ནག་རང་ལ་མཚོན་ནའང་གནད་དོན་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་སྟབས། ཁོང་ཚོ་ཡང་སྔ་མོར་ཤི་མི་སྲིད་པ་མ་རེད། དེ་བས། ང་ཚོ་ཚང་མས་མི་གཞན་གྱི་འཆི་བ་ལ་བརྟེན་ནས་གནས་ཚུལ་ཐག་གཅོད་བྱ་པའི་གདུག་རྩུབ་ཀྱི་ཐབས་ལམ་འདི་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ཡང་དག་ཅིག་མིན་སྟབས། ངས་དེ་ལ་གཏན་ནས་ཁས་ལེན་དང་ངོས་ལེན་བྱེད་ཀྱིན་མེད།

དྲི་བ། ལོ་སྔོན་མ་བོད་ཆོལ་གསུམ་གྱི་ས་ཁུལ་ཡོངས་ནས་བོད་མི་ཚོས་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པ་རེད། ཁྱེད་ཀྱིས་ཞི་བའི་ངོ་རྒོལ་འདིའི་བྱུང་རྐྱེན་དང་དོན་རྐྱེན་འདིར་ལྟ་སྟངས་གང་འདྲ་བཟུང་ཡོད་དམ།
ལན། ལོ་སྔོན་མའི་གསུམ་པའི་དོན་རྐྱེན་ནི། རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་དུས་ཡུན་རིང་བོའི་སྲིད་བྱུས་ཀྱི་ནོར་འཁྲུལ་གསོག་འཇོག་བྱས་ཏེ། སྐབས་དེར་འགས་གཏོར་བྱུང་བ་ཞིག་རེད་བསམ། དོན་རྐྱེན་དེ་བཙན་བྱོལ་བོད་གཞུང་དང་འབྲེལ་བ་ཡོད་པ་དང་སྐུལ་སློང་ལས་བྱུང་བའི་དོན་རྐྱེན་ཞིག་ཡིན་པར་ངས་མཐོང་གི་མེད། ངས་བསམ་ན་དོན་རྐྱེན་འདི་བོད་ནང་ཁུལ་གྱི་བོད་མི་རང་ངོས་ནས་བྱུང་བའི་དོན་རྐྱེན་ཞིག་རེད་ལ། འདི་ངེས་པར་འབྱུང་སྲིད་པའི་དོན་རྐྱེན་ཞིག་རེད་བསམ། ཐེངས་འདིའི་དོན་རྐྱེན་གྱི་ནང་ཞུགས་མཁན་མང་ཆེ་བ་བོད་རིགས་གཞོན་སྐྱེས་རེད། གནས་སྟངས་འདི་ལ་བལྟས་ན། འདི་ནི་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་སྤྱི་ཚོགས་ཀྱི་དངོས་ཡོད་སྲིད་བྱུས་ལ་འདོད་བློ་མ་ཁེངས་པའམ་མོས་མཐུན་མེད་པའི་རྟགས་རེད། ང་རང་ཉིད་ལ་མཚོན་ན་གནས་ཚུལ་འདི་ཡ་མཚན་དགོས་པའི་དོན་རྐྱེན་ཞིག་མིན་པར་མི་དམངས་མང་ཚོགས་ཀྱིས་གཞུང་ལ་བཏོན་པའི་རེ་སྐུལ་ཞིག་དང་འབོད་སྒྲ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། གལ་སྲིད། ཏཱ་ལའི་བླ་མ་བོད་ནང་གདན་འདྲེན་ཞུ་ཐུབ་པ་ཡིན་ན། གནས་སྟངས་འདིའི་རིགས་འབྱུང་མི་སྲིད་ལ་ཐག་གཅོད་པར་ཡང་ལས་སླ་བོ་རེད་བསམ།  ལོ་སྔོན་མའི་གསུམ་པའི་དོན་རྐྱེན་བྱུང་རྗེས། རྒྱ་ནག་གིས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གིས་ཕྱི་ཕྱོགས་ནས་སྐུལ་སློང་བྱས་པ་རེད། ཅེས་པ་དེར་ང་ཡིད་ཆེས་མེད། རྒྱུ་མཚན་ནི། ཏཱ་ལའི་བླ་མ་ནི་འཛམ་གླིང་སྟེང་སྙན་གྲགས་ཆེས་ཆེ་བའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཞིག་ཡིན་པ་དང་། རྣམ་དཔྱོད་དང་མཁས་མཛངས་གཉིས་ལྡན་གྱི་སྐྱེ་བུ་ཞིག་རེད། ཁོང་གིས་འདི་ལྟ་བུའི་རིགས་ལ་རྒྱབ་སྐྱོར་དང་སྐུལ་སློང་བྱས་ཡོད་ཅེས་པ་དེ་སུ་ཞིག་ཀྱང་ཡིད་ཆེས་ཀྱི་མ་རེད། འདི་ནི་མི་མང་དཀྱུས་མའི་ལས་འགུལ་ཞིག་རེད།

དྲི་བ། ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་གནས་སྟངས་ལ་གཞིགས་ན། ཁྱེད་ཀྱིས་རྒྱ་ནག་དམངས་གཙོར་འགྱུར་བའི་རེ་བ་མཐོང་གི་འདུག་གམ། གལ་ཏེ། དམངས་གཙོར་གྱུར་བ་ཡིན་ན་བོད་འདུས་པའི་གྲངས་ཉུང་མི་རིགས་ལ་ཁེ་ཕན་ཅི་ཞིག་རག་གི་རེད།
ལན། རྒྱ་ནག་གི་རིག་གནས་ཀྱི་ཕྱོགས་མང་པོ་ཞིག་དམངས་གཙོའི་སྤྱི་ཚོགས་ཀྱི་འདུ་ཤེས་དང་ལམ་ལུགས་ལ་བར་ཁྱད་ཆེན་པོ་ཡོད་པ་རེད། རྒྱ་ནག་མི་མང་གིས་དངོས་ཡོད་གཙིགས་སུ་འཛིན་པ་ལྟར།  ལྟོ་རྒྱབ་གཙོ་བོར་འཛིན་པའི་མི་རིགས་ཤིག་ལ་མཚོན་ན་དམངས་གཙོ་ནི་ཧ་ཅང་དགོས་མཁོ་ཅན་གྱི་སྲིད་བྱུས་ཤིག་རེད། རྒྱ་ནག་མི་རིགས་འདི་རྒྱ་གར་དང་བོད་ལས་ཆོས་ལུགས་ལ་དད་མོས་མེད་པའི་མི་རིགས་ཤིག་རེད། མི་རིགས་སོ་སོའི་བར་ལ་ཁྱད་པར་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ཏུ་རྩ་བ་ནས་ཆོས་ལུགས་མེད་པ་དང་ཁག་ཅིག་གིས་གཞན་གྱི་ཆོས་ལུགས་ནང་འདྲེན་བྱས་ཏེ་དད་པ་བྱེད་བཞིན་ཡོད་པ་རེད། མི་རིགས་མི་འདྲ་བའི་དབང་གིས་ལུགས་སྲོལ་མི་འདྲ་བ་ཡོད་པ་རེད། ཡིན་ཡང། དམངས་གཙོའི་ལྟ་བ་འདི་ནི་ཆོས་ལུགས་ཡོད་མེད་ཀྱི་སྤྱི་ཚོགས་ཤིག་གི་དགོས་མཁོ་ཁོ་ན་མིན་པར།  དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཤིག་གི་རྣམ་པ་ཐག་གཅོད་བྱེད་པའི་གནད་དོན་ཞིག་རེད། དམངས་གཙོའི་གལ་ཆེན་གྱི་རང་བཞིན་ནི། སྲིད་གཞུང་གི་ལྐོག་ས་རུལ་སུངས་དང་དབང་འཛིན་མི་སྣ་འོས་འདེམས་སོགས་མི་མང་རང་ལ་ཐག་གཅོད་ཀྱི་རང་དབང་ཡོད་པ་མ་ཟད། མི་རིགས་དབུལ་ཕྱུག་གི་དབྱེ་བ་མེད་པར་སྲིད་གཞུང་ལ་རོགས་འདེགས་བྱེད་ཐུབ་པ་དེ་དམངས་གཙོའི་ལམ་ལུགས་ཀྱི་གལ་ཆེ་བའི་ཆ་རེད། རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་ངེས་པ་ཞིག་རེད། ཐའེ་ཝན་དང་སིང་གྷ་ཕོར།  ཧོང་ཀོང་སོགས་རྒྱ་མི་རིགས་ཡིན་པ་དང་། དེ་དག་གིས་དམངས་གཙོ་ལག་བསྟར་བྱས་ཡོད་པ་རེད། དེ་དག་གིས་སྲིད་བྱུས་འདི་ལག་ལེན་བྱེད་ཐུབ་པ་ཡིན་ན། རྒྱ་ནག་རང་གིས་ལག་བསྟར་བྱ་མི་ཐུབ་པ་ཅི་ཡོད། དེ་ནི་རྒྱ་ནག་གིས་གུང་ཁྲན་ཏང་གིས་དབུ་ཁྲིད་པའི་སྲིད་གཞུང་ཡོད་པས་ང་ཚོར་དམངས་གཙོ་དགོས་དོན་མེད་ཅེས་པའི་ལྟ་བ་ནོར་འཁྲུལ་ཅན་དེ་ལས་བྱུང་བ་རེད། དེང་སྐབས། རྒྱ་ནག་གི་མགོ་ཁྲིད་ཚོས་མི་མང་ལ་གུང་ཁྲན་ཏང་གིས་འཛམ་གླིང་སྟེང་གི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་ཐུབ་པས་དམངས་གཙོ་དགོས་དོན་མེད་པའི་སྐོར་བརྗོད་ཀྱིན་ཡོད། དོན་དམ་པའི་གནས་ཚུལ་ཇི་ལྟར་ཐག་གཅོད་བྱེད་བཞིན་པ་ང་ཚོས་མཐོང་གསལ་རེད། ཁོང་ཚོས་གནད་དོན་གང་མང་ཞིག་ཐག་གཅོད་བྱེད་ཐུབ་ཀྱིན་མེད་པ་མ་ཟད་ལྐོག་ཟ་རུལ་ཟུངས་ཀྱི་གནས་སྟངས་ཉིན་རེར་འཕར་སྣོན་འབྱུང་གི་ཡོད་པ་རེད། དེ་བས། རྒྱ་ནག་དམངས་གཙོའི་ལམ་དུ་ངེས་པར་དུ་འགྲོ་དགོས་པ་ཞིག་རེད་ལ་འགྲོ་སྲིད་པ་ཞིག་ཀྱང་རེད་བསམ། དེ་བཞིན། རྒྱ་ནག་དམངས་གཙོ་ཅན་དུ་གྱུར་བ་ཡིན་ན། བོད་རྒྱའི་གནད་དོན་དང་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཡང་ལས་སླ་བོའི་ངང་ཐག་གཅོད་ཐུབ་ཀྱི་རེད།

དྲི་བ། ཟླ་འདིའི་ཚེས་ ༤ ཉིན་ཏཱ་ལའི་བླ་མས་དྲུག་བཞིའི་དམངས་གཙོའི་ལས་འགུལ་བྱུང་སྟེ་མི་ལོ་ ༢༠ འཁོར་བའི་ཐད་དམིགས་བསལ་གྱི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད། འདིའི་ཐད་ཁྱེད་ཀྱི་བལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་དམ།
ལན། འདིར་མ་སླེབས་པའི་སྔོན་ལ་ངས་ཏཱ་ལའི་བླ་མས་དྲུག་བཞིའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པ་དག་ལ་མྱ་ངན་བྱེད་པའི་གསུང་འཕྲིན་མཐོང་བྱུང་། ཁོང་ནི་དུས་ཡུན་རིང་བོར་དྲུག་བཞིའི་དོན་རྐྱེན་ལ་གདུང་སེམས་མཉམ་བསྐྱེད་གནང་མཁན་ཞིག་ཡིན་པ་དང་། འདི་ལོར་དམིགས་བསལ་གསུང་འཕྲིན་བསྩལ་བར་ང་རང་སེམས་འགུལ་ཐེབས་སོང་། ཐེངས་འདིའི་མཇལ་འཕྲད་སྐབས་ཀྱང་ཁོང་གིས་འདིའི་སྐོར་ལ་བཀའ་མོལ་གནང་བྱུང་། ཁོང་གིས་ད་ལྟའི་དུས་འདིར་ཡང་དྲུག་བཞིའི་དོན་རྐྱེན་ཁྲོད་ཀྱི་འདས་སོང་རྣམས་ལ་མྱ་ངན་ཞུ་བཞིན་པ་འདིར་ང་ཚོས་ཐུགས་རྗེ་ཞུ་འོས་པ་ཞིག་རེད། ང་རང་ཡང་སློབ་མའི་ཕྱོགས་སུ་ལངས་ཡོད། འདི་ནི་ལོ་སྔོན་མའི་བོད་མིའི་ཞི་རྒོལ་གྱི་དོན་རྐྱེན་དང་གཅིག་མཚུངས་ཀྱི་བྱུང་བ་ཞིག་ཡིན་པས། མ་འོངས་པར་རྒྱ་ནག་ལ་འདིའི་ཐད་མུ་མཐུད་ནས་དཀའ་ངལ་འཕྲད་སྲིད་པ་ཞིག་རེད།

དྲི་བ། དེང་སྐབས་རྒྱ་ནག་ཕྱི་ཕྱོགས་སུ་ཡོད་པའི་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དག་གིས་བོད་དོན་ཐད་རྒྱབ་སྐྱོར་གྱི་རྣམ་པ་སྟོན་བཞིན་ཡོད་པ་རེད། རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་ཚོས་བོད་དོན་ལ་ལྟ་སྟངས་གང་འདྲ་འདུག་གམ།
ལན། རྒྱ་ནག་གཞུང་གིས། དུས་ཡུན་རིང་བོར་རྒྱ་རིགས་མི་དམངས་ལ་བསམ་བློ་བསྒྱུར་བཀོད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་སྟབས། རྒྱ་ནག་ནང་ཁུལ་གྱི་ཤེས་ལྡན་མི་སྣ་གཙོས་མི་མང་ཆེ་བས་ཏཱ་ལའི་བླ་མས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱིན་ཡོད་པར་ངོས་འཛིན་བྱས་ཡོད་ཀྱང་། ད་ལྟའི་དུས་འདིར་དེ་ལས་ལྡོག་སྟེ་ཏཱ་ལའི་བླ་མ་དང་བོད་དོན་ངོ་ཤེས་མཁན་གྱི་རྒྱ་རིགས་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཏཱ་ལའི་བླ་མ་ནི་འཛམ་གླིང་ཞི་བདེ་དང་བོད་རྒྱ་མཉམ་གནས། བོད་རིགས་ཡོངས་ལ་ཆེས་མཐོའི་རང་སྐྱོང་གི་གནས་བབ་གླེང་བཞིན་པའི་སྐྱེ་བུ་ཞིག་ཡིན་པ་རྟོགས་ཡོད།  དོན་དངོས་སུ་བཤད་ན། རྒྱ་རིགས་ཤེས་ལྡན་པའི་ནང་ཁུལ་དུའང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་འདོད་མོས་མེད་མཁན་མང་པོ་ཡོད་སྟབས། རྒྱ་ནག་གིས་ཏཱ་ལའི་བླ་མ་མེས་རྒྱལ་ཁ་བྲལ་དུ་གཏོང་མཁན་ཞིག་རེད་ཅེས་བཤད་པ་ཙམ་གྱིས་ཤེས་ལྡན་པ་དེ་དག་ཡིད་ཆེས་ཀྱི་མ་རེད། རྒྱ་ནག་གིས་ད་ལྟ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བཞིན་ཡོད་པ་དང་། རྒྱ་ནག་ནང་ཏཱ་ལའི་བླ་མ་དང་འབྲེལ་བ་ཡོད་མཁན་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་དེ་དག་རྒྱལ་ཚོང་བ་དང་རྒྱབ་འགལ་བར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། དེ་བཞིན། རྒྱ་ནག་གི་ཆབ་སྲིད་ཀྱི་གནོན་ཤུགས་འོག་རྒྱ་རིགས་ཤེས་ལྡན་པ་ཚོས་རྒྱ་ནང་གི་མི་མང་ལ་འཕྲད་བཞིན་པའི་དཀའ་ངལ་དང་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་རྩོམ་ཡིག་གི་ལམ་ནས་དྲ་ལམ་སོགས་སུ་བཀོད་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་ཡོང་གི་ཡོད་པ་རེད། དེ་དག་ཡོད་ཚད་ཆབ་སྲིད་ཀྱི་གནོན་ཤུགས་ཤིག་ལ་རག་ལས་ཡོད་པ་རེད།

དྲི་བ། ཐེངས་འདིར་ཁྱེད་རང་འདིར་ཕེབས་ཏེ་གནས་ཚུལ་མང་པོ་ཞིག་རྒྱུས་ལོན་བྱུང་ཡོད་པ་དང་མི་མང་པོར་ཐུག་འཕྲད་བྱུང་ཡོད་པ་རེད། ཐེངས་འདིར་ང་ཚོ་བོད་ཀྱི་དུས་བབ་གསར་ཤོག་བརྒྱུད་ནས་བོད་རིགས་གཞན་སྐྱེས་ཚོར་རེ་སྐུལ་འདྲ་ཡོད་དམ།
ལན། ངའི་གོ་ཐོས་ལྟར་ན། བོད་རིགས་གཞོན་སྐྱེས་ཚོས་ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་དེ་ཙམ་གྱི་མོས་མཐུན་མེད་པའི་གནས་ཚུལ་ཞིག་གོ་འོང་གི་འདུག གཞོན་སྐྱེས་ཚོར་འདི་ལྟ་བུའི་བསམ་བློ་ཡོད་སྲིད་པ་རེད་ལ་ཡོད་འོས་པ་ཞིག་ཀྱང་རེད་བསམ། ཡིན་ཡང། ང་རང་ཉིད་ཀྱིས་བསམ་ན་ཆེས་གལ་ཆེ་བ་ནི། གཞོན་སྐྱེས་ཚོས་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་དགོངས་པར་བསམ་བློ་ཞིབ་མོ་གཏོང་རྒྱུ་གལ་ཆེན་རེད་བསམ། རྒྱུ་མཚན་ནི། དབུ་མའི་ལམ་ནི་བོད་མི་རིགས་ལ་དགོས་མཁོ་དང་ཁེ་ཕན་ཡོད་པའི་སྲིད་བྱུས་ཤིག་རེད། ང་ཚོས་ཁོང་ཁྲོ་ལ་བརྟེན་ནས་རང་ཉིད་ཀྱི་མིག་ཟུང་ལོང་བར་འགྱུར་བར་བྱེད་པ་ནི་ནོར་འཁྲུལ་རེད་བསམ། དེ་བས། བོད་རིགས་གཞོན་སྐྱེས་ཡོངས་ནས་ཏཱ་ལའི་བླ་མའི་ཐུགས་དགོངས་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཆེས་མཐོའི་རང་སྐྱོང་གི་གནས་བབ་ཐད་འབད་བརྩོན་བྱ་རྒྱུ་ནི་བོད་མི་རིགས་ལ་ཁེ་ཕན་ཆེས་ཆེ་བའི་ལས་དོན་ཞིག་རེད།།

བཅར་འདྲི་བྱེད་མཁན། དོན་ཁོ།

བསྐྱར་བཅོས།: ༢༠༠༩/༠༦/༢༢

Leave a Reply

5 thoughts on “ཁོང་ཁྲོའི་དབང་གིས་མིག་ལོང་བར་གྱུར་ན་ནོར་འཁྲུལ་རེད།