དེ་རིང་གི་འགྲེམས་སྟོན་འདིས་མཚོན་པའི་བོད་པའི་དགེ་འདུན་པ་མང་པོ་ཞིག་གི་ཚན་རིག་གི་ཤེས་ཚད་མཐོན་པོར་སླེབས་པ་དང། སྙན་གྲགས་ཆེ་བའི་ནུབ་གླིང་གི་ཚན་རིག་པ་དག་དང་མཉམ་དུ་ནང་ཆོས་དང་ཚན་རིག་བར་བགྲོ་གླེང་བསྟུད་མུར་བྱས་ཏེ་གོམ་པ་མཉམ་སྤོ་བྱས་ཤིང། ནུབ་ཕྱོགས་ཀྱི་ཕྱིའི་དངོས་པོའི་དཔལ་ཡོན་ཚུར་ལེན་པ་ཙམ་མ་ཡིན་པར། ནང་ཆོས་ཀྱི་ནང་བསམ་པའི་དཔལ་ཡོན་གྱིས་ཕར་ལེགས་སྐྱེས་འབུལ་ཐུབ་པའི་གོ་སྐབས་ཤར་པ་འདིས་རྒྱ་ནག་གི་སྐྱོན་བརྗོད་དེ་རིགས་ལ་ལན་འདེབས་གསལ་བོ་ཞིག་བྱས་ཡོད་ཟེར།
ཨ་རིའི་ཨེ་མོ་རེ་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་མཉམ་འབྲེལ་ཐོག ཟླ་སྔོན་མ་ནས་ས་རཱ་མཐོ་སློབ་ཏུ་བོད་པའི་དགོན་སྡེ་ཁག་གི་གྲྭ་བཙུན་ཁག་ཅིག་ལ། ཚན་རིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་པ་དང༌། ཟབ་སྦྱོང་དེར་ཞུགས་པའི་གྲྭ་བཙུན་ཚོས་དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་བཞུགས་སྒར་གངས་སྐྱིད་སྤྱི་ཐབས་ཐོག་ཁང་དུ་༼དགེ་འདུན་པའི་ཚན་རིག་གི་འགྲེམས་སྟོན་ཐེངས་དང་པོ༽ ཞེས་པ་དེ་གནང་ཡོད། འགྲེམས་སྟོན་དེའི་སྟེང་ཚན་རིག་སྡེ་ཚན་ཁག་ ༦ ཙམ་གྱི་ཐད། ནང་ཆོས་དང་ཚན་རིག་དཔྱད་གཤིབ་བསྡུར་གསུམ་བྱས་པའི་གྲུབ་དོན་ཁག་རི་མོ་དང༌ལག་ལེན་ཚོད་ལྟ། དེ་བཞིན་ཡིག་ཐོག་གི་འགྲེལ་བརྗོད་བཅས་ཀྱི་ལམ་ནས་གཟིགས་འབུལ་ཞུས་ཡོད། ཚན་རིག་སྡེ་ཚན་ ༦ ནི། (འོད་ཅེས་པ་གང་ཡིན་དང༌། ཁ་དོག་རྣམས་གང་ནས་འབྱུང་གིན་ཡོད།) ( ང་ཚོའི་འཇིག་རྟེན་ཁམས་འདི་ཇི་ལྟར་ཆགས།) (སྒྲ་ཇི་ལྟར་འབྱུང་གིན་ཡོད་པ་དང༌། ང་ཚོས་དེ་ཇི་ལྟར་ཐོས་ཀྱིན་ཡོད།) (ང་ཚོའི་མི་སོ་སོའི་རྣམ་པ་མི་འདྲ་བ་དེ་ག་རེ་བྱས་ནས་བྱུང་ངམ།) (ཁ་སང་ང་ཚོས་མཐོང་བ་དེ་ད་ལྟ་ཇི་ལྟར་དྲན་གྱིན་ཡོད་དམ།) (རྩ་རྫས་རྣམས་གང་དང་གང་ཡིན་ནམ།)བཅས་རེད།
འགྲེམས་སྟོན་དབུ་འབྱེད་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཐེངས་འདིའི་འགྲེམས་སྟོན་ངོ་སྤྲོད་གནང་དོན། དེ་རིང་ནས་བཟུང་ཉིན་ ༣ རིང༌། ཨེ་མོ་རེ་དང་བོད་ཀྱི་ཚན་རིག་གི་ལས་རིམ་གྱི་ཐོག་ནས་དགེ་འདུན་པའི་ཚན་རིག་གི་འགྲེམས་སྟོན་ཐེངས་དང་པོ་དེ་གནང་གིན་ཡོད། འདི་ནི་ངྷ་རམ་ས་ལར་དགེ་འདུན་པས་ཚན་རིག་གི་འགྲེམས་སྟོན་གནང་བ་ཐོག་མ་དེ་རེད། ང་ཚོས་ཚན་རིག་སྦྱོང་བ་དེ། གང་ཐུབ་ཅི་ནུས་ཀྱིས་ཕྱོགས་གང་ས་ནས་ལེགས་ཆ་བླངས་ཏེ། སོ་སོའི་རྩ་ཆེ་བའི་ཆོས་དང་རིག་གཞུང་སྤུས་དག་དང་ཁྱབ་སྤེལ་དུ་གཏོང་ཆེད་དང༌། ཚན་རིག་གིས་མང་ཆེ་བ་ཕྱི་དངོས་པོའི་ཐོག་ལ་ནུས་པ་འདོན་གྱིན་ཡོད་ལ། ནང་ཆོས་ཀྱིས་ནང་སེམས་ཀྱི་ཐོག་ལ་ནུས་པ་འདོན་གྱིན་ཡོད། མི་ལ་ལུས་དང་སེམས་གཉིས་ཀ་ཡོད་སྟབས། དེ་གཉིས་ཀར་བདག་པོ་བརྒྱག་པ་དང་ཕན་ཐོགས་ཆེད། ཕྱི་དངོས་པོའི་གནས་ཚུལ་ལ་དེ་ཙམ་དོ་སྣང་མི་བྱེད་མཁན་ཚོར། ཚན་རིག་ལ་དོ་སྣང་བྱ་དགོས་པ་དང་དངོས་ཡོད་གནས་ཚུལ་ཤེས་དགོས་པར་བརྒྱུད་སྐུལ་ལྟ་བུ་བྱེད་ཀྱིན་ཡོད།
ཚན་རིག་སྦྱང་བ་ཡིན་ན་གང་ལ་གང་འཚམ་ལག་ལེན་བསྟར་དགོས་པ་རེད། ཚན་རིག་གི་འགྲོ་སྟངས་གཅིག་གང་ཡིན་ཟེར་ན། སྡེ་ཚན་གང་ཡིན་པ་དེའི་ཐོག་ལ་ཞིབ་ཅིང་ཕྲ་བའི་ཐོག་ནས་སྦྱོང་སྲོལ་ཡོད་ལ། ང་ཚོ་ཡང་རིམ་གྱིས་དེའི་ཐོག་ལ་བསྐྱོད་ཕྱིར་དགེ་འདུན་པ་ཚོར་ཚན་རིག་སྡེ་ཚན་སོ་སོའི་ཐོག་ལ་དམིགས་སུ་བཀར་དེ་རྩོམ་འབྲི་གནང་རྒྱུར་འབོད་སྐུལ་ཞུས་པ་ཡིན། ཚན་རིག་གི་འགྲོ་སྟངས་གཞན་ཞིག་ནི། འཛིན་གྲྭར་འགྲོ་བ་དང་ཨ་ཅོག་གིས་ཉན་རྒྱུ་གཅིག་པུ་མ་ཡིན་པར་ར་སྤྲོད་བྱས་ཏེ། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་མིག་ལ་སྟོན་པ་དང༌། འགྲེལ་བཤད་བརྒྱག་ཐུབ་དགོས་སྟབས། དེ་དག་ལ་རིམ་གྱིས་ཤུགས་སྣོན་བྱ་ཆེད། དེ་རིང་གི་འགྲེམས་སྟོན་འདི་གོ་སྒྲིག་བྱས་པ་ཡིན། ཞེས་གསུངས་བྱུང༌།
ཁོང་གིས་མུ་མཐུད་དུ་ཚན་རིག་སྦྱང་གལ་ཆེ་སྐོར་དང་སློབ་སྦྱོང་རྒྱུན་བསྐྱང་དགོས་ཚུལ་གསུངས་དོན། བོད་ནང་ལ་དངོས་སུ་ལག་ལེན་བསྟར་གྱིན་ཡོད་མེད་ཇི་ལྟར་ཡང༌། རྒྱ་ནག་གིས་ཁྱབ་བསྒྲགས་བྱས་པའི་ནང༌། ལས་ཀ་བྱེད་སྟངས་ཡོངས་རྫོགས་ཚན་རིག་དང་མཐུན་པ་ལྟ་བུ་ཞིག་བཤད་ཀྱིན་ཡོད། ང་ཚོ་སྐྱབས་བཅོལ་ནང་དུ་ཕྱི་དངོས་པོའི་ཆ་ནས་རྗེས་ལུས་ཐེབས་ཡོད་པ་དངོས་ཡོད་རེད། དེར་བརྟེན། དེང་དུས་ཀྱི་ཤེས་ཡོན་སྤྱི་དང༌། ལྷག་པར་དུ་ཚན་རིག་དང་འཕྲུལ་ལས་ཀྱི་ཐོག་ལ་སྦྱང་དགོས་པ་གལ་ཆེན་པོ་ཡིན་སྟབས། ལས་གཞི་འདིར་འབད་བརྩོན་བྱེད་ཀྱིན་ཡོད་ལ། དགེ་འདུན་པ་ཚོ་སྒེར་ལ་སྦྱང་བྱ་མང་པོ་ཞིག་ཡོད་ཀྱང༌། ཐེངས་འདིར་དཀའ་ལས་བརྒྱབས་ཏེ་ཚོད་ལྟ་ཡག་པོ་བྱས་འདུག ད་དུང་རིམ་གྱིས་སྤུས་ཇེ་དག་དང་མཐུན་རྐྱེན་ཇེ་ཡག་ཏུ་གཏོང་དགོས་པ་རེད། ཐེངས་གཅིག་ལ་ཧོལ་རྒྱུགས་ལྟ་བུ་བྱས་ཏེ་མཚམས་བཞག་པ་ཡིན་ན་འགྲིག་གིན་ཡོད་པ་མ་རེད། དེ་རིང་འདིར་ཚན་རིག་གི་སློབ་དཔོན་གཉིས་ཕེབས་ཡོད། ཁོང་གཉིས་ཀྱིས་ཚན་རིག་མཚོན་གྱིན་ཡོད་ལ། དགེ་བཤེས་བློ་བཟང་བསྟན་འཛིན་དང་ངེད་གཉིས་ལ་ཤེས་ཡོན་ཆེན་པོ་མེད་ཀྱང༌། བོད་པའི་ཆོས་དང་རིག་གཞུང་མཚོན་གྱིན་ཡོད། ཅེས་གསུངས་བྱུང༌།
དེའི་རྗེས་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་འགྲེམས་སྟོན་དབུ་འབྱེད་གསུངས་བཤད་གནད་དོན། དགེ་འདུན་པ་ཚོས་ཚན་རིག་ལ་དོན་གཉེར་གནང་རྒྱུའི་ཐད། ༧གོང་ས་མཆོག་གིས་ཞེ་དྲག་གལ་ཆེན་དུ་གཟིགས་ཏེ། ལོ་ ༡༠ གོང་ནས་ཚན་རིག་པ་དག་དང་བགྲོ་གླེང་གནང་གིན་ཡོད་པ་མ་ཟད། བོད་པའི་དགོན་སྡེ་ཁག་ཏུའང་ཚན་རིག་གི་སློབ་ཚན་གྲ་སྒྲིག་བྱེད་ཀྱིན་ཡོད། དེ་ནི་དེབ་ཐེར་དུ་འགོད་འོས་པའི་དགོན་སྡེའི་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་གི་མགོ་བརྩམས་པ་རེད། དགེ་འདུན་པ་ཚོས་ཚན་རིག་སྦྱོང་བ་དེ་ཤེས་བྱ་གསར་བ་ཞིག་ཤེས་ཆེད་མ་ཡིན་པར་བོད་པའི་རིག་གཞུང་དང༌། ལྷག་པར་དུ་ནང་དོན་རིག་པ་མི་ཉམས་རྒྱུན་འཛིན་དང༌། ཕྱིའི་རྒྱལ་ཁབ་ཁག་དང་མི་དམངས་ཚོར་རྩ་ཆེའི་རིན་ཐང་ར་སྤྲོད་བྱ་ཆེད་རེད། ཉེ་ཆར་༧གོང་ས་མཆོག་ལ་མཇལ་ཁའི་སྐབས་སུ་ཡང༌། དགེ་འདུན་པ་ཚོས་ཚན་རིག་སྦྱངས་ཏེ། ཚན་རིག་ཤེས་པའི་རྨིང་གཞིའི་སྟེང་ནས་རྩ་ཆེ་ཞིང་རིན་ཐང་ལྡན་པའི་ནང་ཆོས་འདི་ཕྱིའི་རྒྱལ་ཁབ་དང་མི་དམངས་ཚོར་འགྲེལ་བཤད་བརྒྱག་རྒྱུ་གལ་ཆེན་རེད་གསུངས་སོང༌།
དུས་རྒྱུན་རྒྱ་ནག་གིས་བོད་ལ་སྐྱོན་བརྗོད་བྱེད་ཀྱིན་པའི་ནང་གི་གཅིག་དེ། དགོན་སྡེ་ཁག་རྨོངས་དད་ཀྱི་དབང་དུ་སོང་ཡོད། དེང་དུས་ཀྱི་ཤེས་ཡོན་ཡོད་པ་མ་རེད། ཅེས་ཆོས་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད། དེ་རིང་གི་འགྲེམས་སྟོན་འདིས་མཚོན་པའི་བོད་པའི་དགེ་འདུན་པ་མང་པོ་ཞིག་གི་ཚན་རིག་གི་ཤེས་ཚད་མཐོན་པོར་སླེབས་པ་དང། སྙན་གྲགས་ཆེ་བའི་ནུབ་གླིང་གི་ཚན་རིག་པ་དག་དང་མཉམ་དུ་བགྲོ་གླེང་བསྟུད་མུར་བྱས་ཏེ་གོམ་པ་མཉམ་སྤོ་བྱས་ཤིང༌། ནུབ་ཕྱོགས་ཀྱི་ཕྱིའི་དངོས་པོའི་དཔལ་ཡོན་ཚུར་ལེན་པ་ཙམ་མ་ཡིན་པར། ནང་ཆོས་ཀྱི་ནང་བསམ་པའི་དཔལ་ཡོན་གྱིས་ཕར་ལེགས་སྐྱེས་འབུལ་ཐུབ་པའི་གོ་སྐབས་ཤར་པ་འདིས་རྒྱ་ནག་གི་སྐྱོན་བརྗོད་དེ་རིགས་ལ་ལན་འདེབས་གསལ་བོ་ཞིག་བྱས་ཡོད། ནང་ཆོས་དེ་ཕན་ཐོགས་མེད་པ་ཞིག་ཡིན་ན། ནུབ་ཕྱོགས་ཀྱི་ཤེས་ལྡན་པ་ཚོ་དང༌། ལྷག་པར་དུ་ཚན་རིག་པ་མང་པོས་དོ་སྣང་བྱེད་དོན་མེད། ཅེས་གསུངས་བྱུང༌།
མཇུག་མཐར་དགེ་བཤེས་ལགས་ཀྱི་དགེ་འདུན་པ་ཚོས་མུ་མཐུད་དུ་ཚན་རིག་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་དོན། ཕྱིའི་དངོས་པོའི་ཤེས་ཡོན་ཚན་རིག་གིས་ཡར་རྒྱས་སུ་གཏོང་བ་དང༌། ནང་སེམས་ཀྱི་བདེ་སྐྱིད་ནང་ཆོས་ཀྱིས་འཕེལ་རྒྱས་སུ་གཏོང་ཐུབ་པ་གསལ་བོ་ཆགས་བཞིན་པ་འདིས་སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་ཞིག་སྒྲུབ་ཀྱིན་ཡོད་ལ། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་གནས་དང༌། འཛམ་གླིང་སྟེང་ཆེ་མཐོང་ཡོང་བ་ལའང་ཕན་རླབས་ཆེན་པོ་ཞིག་ཡོང་གིན་ཡོད། དེ་རིང་འདིར་ཕེབས་པའི་དགེ་འདུན་པ་ཚོས་འདས་པའི་ལོ་མང་རིང་ཚན་རིག་གི་ཐོག་ལ་སྐུ་ངལ་སྐྱོན་ཡོད་ལ། སྐུ་ངལ་སྐྱོན་པའི་འབྲས་བུ་ཐེངས་འདིར་མི་དམངས་ལ་སྦྱན་འབུལ་ཞུས་ཡོད། ངས་འདི་ནི་བྱས་རྗེས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། སྤྱིར་དགོན་སྡེ་ཁག་གིས་གོམ་པ་ཆེན་པོ་ཞིག་བརྒྱབས་ཚར་ཡོད་ཀྱང༌། ཚན་རིག་གི་སློབ་སྦྱོང་ཐད་ནས་ད་དུང་གནས་ཚད་དམའ་བོ་ཡིན་སྟབས། མུ་མཐུད་དུ་ཚན་རིག་ལ་སློབ་སྦྱོང་གནང་རྒྱུ་དང༌། སོ་སོ་ཙམ་མ་ཡིན་པར་གཞན་དག་ལའང་ཚན་རིག་གི་གལ་ཆེའི་རང་བཞིན་ངོ་སྤྲོད་དང༌། སྐུལ་འདེད་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང༌།