ཁ་སང་ཕྱི་ཚེས་༢༡ ཉིན་གྱི་དགོང་མོ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཆེན་པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་༼འཚོལ་༽ཞེས་པར་སྐབས་ ༡༢ པའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འདེམས་བསྡུར་འཐུས་ཚབ་ཟེར་བའི་བྱ་དགའ་དེ་ཐོབ་ཡོད་འདུག་ལ། ཐེངས་དེའི་ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་འགྲན་བཞུགས་ཁྲོད། རྒྱལ་ཁབ་འདྲ་མིན་གྱི་ཁྱོན་བསྡོམས་གློག་བརྙན་གཅིག་སྟོང་ ༡༠༠༠ ལྷག་ཞུགས་ཡོད་པ་ལས་གློག་བརྙན་ ༡༦ ལ་གོང་གི་བྱ་དགའ་དེ་ཐོབ་ཡོད་པ་དང་། དེའི་ཁྲོད་རྒྱ་ནག་གི་གློག་བརྙན་གཞན་ཞིག་ལའང་བྱ་དགའ་དེ་ཐོབ་ཡོད་འདུག
བོད་རིགས་ན་གཞོན་པད་མ་ཚེ་བརྟན་ལགས་ཀྱི་སྐད་གྲགས་ཆེ་བའི་གློག་བརྙན་ ༼ ཁུ་སིམ་སིམ་གྱི་མ་ནི་རྡོ་འབུམ༽ སོགས་སྒྱུ་རྩལ་གྱི་ཚད་གཞི་ཧ་ཅང་མཐོ་བའི་གློག་བརྙན་ཁ་ཤས་བཟོ་སྐྲུན་བྱས་ཡོད་པ་མ་ཟད། དེ་མིན་གྱི་བརྩམས་སྒྲུང་དང་འཁྲབ་གཞུང་མང་དག་ཅིག་བརྩམས་ཡོད་པ་དང་། སྔར་ཡང་གློག་བརྙན་དེ་དག་ལ་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱི་བཅས་ཀྱི་བྱ་དགའ་ཐེངས་མང་ཐོབ་མྱོང་ཡོད་འདུག