དཔལ་ལྡན་༧མི་དབང་བཀའ་ཡི་མདུན་ན་འདོན་ཁྲི་བ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞབས་པད་དགེ་ལེགས་འདབ་སྟོང་བཞད་པའི་ཁྲིའི་དྲུང་དུ།
སྒོ་གསུམ་རབ་གུས་ཧུན་སུར་རབ་རྒྱས་གླིང་སེར་སྐྱ་མི་མང་སྤྱི་མགྲིན་ནས་གསོལ་བ་ཕུར་ཚུགས་སུ་འདེབས་སྙིང༌། དེ་ཡང་བགྲང་བྱ་གཉིས་ཙམ་གྱི་རྗེས་གང་ཉིད་བཀའ་ཁྲིའི་མཛད་འགན་ནས་འཁྱུར་རྒྱུ་ཡིན་ཡང༌། བདག་ཅག་མི་མང་ནི་གང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང༌། གངས་ཅན་བོད་ཀྱི་བསྟན་པ་ཆབ་སྲིད་ཐོག་མཛད་འཕྲིན་སྐྱོང་ཚུལ་ལ་བསམས་ན་བློས་ཐོངས་ཐབས་མི་འདུག་ལ། ལྷག་པར་བདག་ཅག་ཆབ་འབངས་རྣམས་ཀྱང་ཟུངས་ཟད་ཀྱི་ནད་པ་ལྟར། ཆབ་སྲིད་ཀྱི་དཀའ་རྙོག་འོག་གནས་ཡོད་སྟབས། སྐྱོབ་རོགས་སུ་སྐྱེས་བུ་ཁྱེད་ལྟ་བུ་༧གོང་ས་མཆོག་གི་ཕྱག་རོགས་མེད་དུ་མི་རུང་བར་འདུག་པས། སྐྱེས་མཆོག་གང་ཉིད་སླར་ཡང་བཀའ་ཁྲིར་འོས་འདེམས་དགོས་ལུགས་སྐོར། བདག་ཅག་ཧུན་སུར་རབ་རྒྱས་སེར་སྐྱ་མི་མང་སྤྱི་མགྲིན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་༧སྙན་ཞུ་ཞིག་འབུལ་ལམ་ཞུས་པའི་ངོ་བཤུས་བཀའ་ཤག་ཏུ་ཡང་འབུལ་ལམ་ཞུས་དོན་བཞིན། བདག་ཅག་མི་མང་གི་དགོས་འདུན་ལ་རྒྱལ་ཁ་ཐོབ་ན། བཀའ་ཁྲི་རིན་པོ་ཆེ་གང་ཉིད་སླར་ཡང་བཀའ་ཁྲི་སྐབས་བཅུ་བཞི་པའི་འོས་གཞིར་ཕེབས་བཞུགས་མཛད་གནང་ཐུགས་རྗེ་བཀྲིན་ཆེ་བ་ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ན། ཉི་མའི་འོད་ཟེར་ལ་སྲིན་བུ་མེ་ཁྱེར་ལྟར་བདག་ཅག་གིས་རྒྱས་བཤད་ཞུ་ག་ལ་དགོས་ཀྱང༌། མདོར་ན་གང་ཉིད་རང་གི་མཁན་པོའི་དྲུང་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དོན་ལ་གནས་ན། བྱང་ཆུབ་སེམས་པའི་སྤྱོད་པ་བསླབ་ཚུལ་༧རྒྱལ་བསྟན་ཆབ་སྲིད་ཀྱི་སྲི་ཞུ་འདི་ལས་ལྷག་པ་ཁྱེད་ཀྱིས་གཟིགས་སམ། མ་གཟིགས་ན་བདག་ཅག་གིས་རེ་བའི་མིག་འབུར་གཏད་ཅིང་ལག་གཉིས་ཐལ་མོ་སྦྱར་ཏེ་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་འདེབས་པའི་གདུང་དབྱངས་འདི་འབྲས་མེད་དུ་མ་མཛད་པར། རེ་བའི་དོན་འབྲས་གཡུར་དུ་ཟ་བའི་སྐྱབས་འཇུག་ཐུགས་རྗེས་འཛིན་པ་མཁྱེན། མཁྱེན། ཅེས་གསོལ་བ་འདེབས་པ་ལགས། ཧུན་སུར་རབ་རྒྱས་གླིང་སེར་སྐྱ་མི་མང་སྤྱི་མགྲིན་ནས་ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༡༢ ལ་གུས་འདུད་ཀྱིས་བརྒྱན་ཏེ་ཕུལ། །