གཟུངས་ཕྱུག་སྐྱིད།
དེང་དུས་ཀྱི་མིའི་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་མཉམ་དུ་གད་སྙིགས་ཀྱི་ཕུང་པོའི་རིགས་ཀྱང་བླ་ལྷག་གིས་ཇེ་མང་དུ་འགྲོ་བཞིན་འདུག སྤྱིར་གད་སྙིགས་ནི་སུས་ཀྱང་རྟོགས་སླ་ཞིང་དོ་སྣང་དེ་ཙམ་མི་བྱེད་པའི་ཐ་སྙད་སྤྱིར་བཏང་བ་ཅིག་རེད།ཡིན་ནའང་དེང་སྐབས་ང་ཚོའི་སྤྱི་ཚོགས་སུ་གད་སྙིགས་ཀྱིས་བཟོས་པའི་ནག་ཉེས་དང་ཉེན་ཁ་ནི་ཧ་ཅང་གི་ཛ་དྲག་དང་ཉེན་ཚབས་ཅན་དུ་གྱུར་ཡོད། དཔེར་ན། དངོས་རྫས་སྦག་བཙོག་གིས་བསྐྱེད་པའི་ནད་འབུའི་རིགས་སྤྱི་དང་། ལྷག་པར་དུ་མི་དང་མིས་བཟོས་པའི་འཕྲུལ་ཆས་བེད་སྤྱོད་དང་དེ་ལས་བྱུང་བའི་རྫས་དུད་ཀྱིས་རྨེག་མེད་བཟོ་བཞིན་པའི་རང་བྱུང་ཁམས་ཀྱི་ཉམས་རྒད། ཡང་ན་དེ་ལས་བྱུང་བའི་མིའི་འདོད་ཡོན་གྱིས་བསྐྱེད་པའི་འདུ་ཤེས་འཁྱེར་སྟངས་སོགས་མདོར་ན་མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་པོ་ཇི་འདྲའི་གཏོས་ཆེ་བའི་གད་སྙིགས་ཀྱི་ཕུང་པོ་ཞིག་དང་ཁ་གཏད་དུ་གནས་ཡོད་ཨང་།
དེ་བས་དེང་སྐབས་འཛམ་གླིང་སྟེང་དཔྱོད་ཤེས་ཀྱི་ཤེས་རབ་རྣོ་བའི་དམ་པ་དག་གིས་འདིའི་སྐོར་ལ་སེམས་ཁྲལ་དང་མཉམ་འཇོག་བྱེད་ཀྱིན་ཡོད་ནའང་མང་མོས་ཀྱིས་སྔར་བཞིན་སྣང་མེད་དང་རྒྱ་ཡན་དུ་གཏོང་བཞིན་ཡོད།དེ་བཞིན་དུ་ང་ཚོའི་སྤྱི་ཚོགས་ཁྲོད་ནའང་གད་སྙིགས་དེའི་རིགས་ཁྱབ་བརྡལ་དུ་འགྲོ་བཞིན་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཅིག་ཡིན་ལ།དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་མི་རྣམས་ཀྱི་འདུ་ཤེས་ཁྱེར་སྟངས་གྱི་བསམ་བློའི་གད་སྙིགས་ཀྱི་རིགས་དང་ལངས་ཕྱོགས་མེད་པའི་སྐད་ཆའི་རྫོབ་ཉོག་གི་རིགས་ཀྱི་གད་སྙིགས་དག་ཡོངས་ཁྱབ་དུ་དར་བཞིན་འདུག་ལ།དེ་མིན་ད་དུང་ཕྱིའི་སྤྱི་ཚོགས་ནང་ནས་ཐད་ཀར་འགས་ཁྱབ་འབྱུང་བཞིན་པའི་མགོ་མེད་མཇུག་རྡུམ་ལ་གོམས་པའི་གཤིས་སྤྱོད་ཡ་མ་ཟུང་གི་གད་སྙིགས་སོགས་མང་པོ་ཞིག་གིས་ང་ཚོའི་སྤྱི་ཚོགས་ཧྲིལ་བོ་རང་རྐྱ་འཕེར་བའི་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བར་འགོག་རྐྱེན་ཤུགས་ཆེན་བཟོ་བཞིན་ཡོད།དེ་མིན་ད་དུང་ང་ཚོའི་སྤྱི་ཚོགས་འདིར་སྔ་མོ་ཞིག་ནས་གོམས་བསྡད་ཡོད་པའི་ན་ཚ་ཆེ་ཤོས་ཤིག་ནི་ནམ་ཡང་རང་རིགས་ལས་གཞན་རིགས་ལ་ཨ་གསར་ཆེ་ཞིང་གོང་བཀུར་བྱེད་པར་དགའ་བའི་སྤྱི་མོས་ཀྱི་འདུ་ཤེས་ཁྱེར་སྟངས་ཤིག་ཡོད་པ་འདི་རེད། སྣང་ཚུལ་འདིའི་རིགས་ནི་ནམ་རྒྱུན་ང་ཚོའི་མཐོ་རིམ་མི་སྣ་དག་དང་ཤེས་ལྡན་པ་ཉུང་ཤོས་ཤིག་གི་གྲས་ནས་འབྱུང་བཞིན་པའི་བསམ་བློའི་རུལ་སུངས་ཀྱི་ནད་ཡམས་ཤིག་རེད།
བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིར་མཚོན་ནའང་མི་མང་ཆེ་བ་ཞིག་གིས་བོད་རང་གི་སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས་ཁྲོད་བྱུང་དང་འབྱུང་བཞིན་པའི་མི་སྣ་རླབས་ཆེན་དག་གི་མཛད་རྗེས་དང་བྱུང་བ་དེ་ཙམ་གྱིས་རྒྱུས་ལོན་དང་དོ་སྣང་ཆེར་མི་བྱེད་པར། དེ་ལས་ལྡོག་སྟེ་མི་རིགས་གཞན་ནམ་ཡང་ན་རྒྱལ་ཁབ་གཞན་གྱི་ཅུང་མིང་གྲགས་ཆེ་བའི་མི་སྣ་འགའ་རེ་མིང་གིས་བོས་ཏེ་འུར་སྒྲོག་བྱེད་རྒྱུར་མོས་པ་ནི་ང་ཚོ་སྤྱི་ཡོངས་ལ་མངའ་བའི་ནོར་འཁྲུལ་ཚབས་ཆེན་ཞིག་རེད། དཔེར་ན་ང་ཚོར་ཁ་ཞེ་གཉིས་མེད་ཀྱིས་ཤ་ཞེན་དང་ཞབས་ཞུ་སྒྲུབ་མཁན་ཀུན་གཟུགས་པན་ཆེན་རིན་པོ་ཆེ་གཙོས་དཔའ་མཛངས་གཉིས་ལྡན་གྱི་དམ་པ་དག་གི་ངོ་མཚར་བའི་མཛད་རྗེས་དང་། བསྒྲུབ་ཕོད་པའི་སྙིང་སྟོབས། གནད་དུ་འཁེལ་བའི་ལས་དོན་བསྒྲུབ་སྟངས་སོགས་མདོར་ན་ཁོང་རྣམ་པའི་ཞུམ་པ་མེད་པའི་རྒྱལ་གཅེས་སྙིང་སྟོབས་དང་ཆབ་སྲིད་ལངས་ཕྱོགས་ལ་གཏིང་ཟབ་པའི་རྒྱུས་ལོན་དང་། ཚད་མཐོ་བའི་གོང་བཀུར་སྒོས་སློབ་སྦྱོང་དང་མིག་དཔེར་འཛིན་པ་ལས་དགྱ་ནག་གི་མང་གཙོ་དོན་གཉེར་ཅན་ག་གེ་མོ་དང་ཕྱིའི་སྟོབས་ལྡན་རྒྱལ་ཁབ་དག་གི་མི་སྣ་ཆེ་གྲས་འགའི་ཁ་རླངས་ལས་བྱུང་བའི་སྐད་ཆ་རེར་འུར་སྒྲོག་དང་གོང་བཀུར་བྱེད་རྒྱུར་མོས་པ་ནི་སྤྱི་ཡོངས་ལ་མངའ་བའི་བཅོས་ཐབས་དཀའ་བའི་བསམ་བློའི་ནད་རྙིང་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཐ་ན་ང་ཚོའི་གྲས་ཀྱི་མི་རེ་ཟུང་གིས་ཅུང་གྲགས་ཆེ་བའི་ཕྱིའི་རྩོམ་པ་པོ་དང་མང་གཙོ་དོན་གཉེར་ཅན་འགའ་རེར་བུ་སྤུན་དང་གྲོགས་པོ་སྒྲིག་ཐབས་སུ་ཡང་འཚང་ཀ་རྒྱག་བཞིན་པའི་དངོས་ཡོད་གནས་ཚུལ་ང་ཚོའི་སྤྱི་ཚོགས་ཁྲོད་མང་དུ་འབྱུང་བཞིན་ཡོད།
འདི་ལས་ང་ཚོས་གསལ་བོར་རྟོགས་ཐུབ་པ་ཞིག་ནི་རང་ཉིད་ནམ་ཡང་རང་ཉིད་ཀྱིས་སྐྱོབས་དགོས་ཟེར་བའི་མན་ངག་དེའི་གནས་ལུགས་ཡང་བོར་སོང་བ་དེ་རེད། དེ་མིན་ད་དུང་བྱུང་རྒྱལ་དུ་སྐད་ཅོར་རྒྱག་པའི་གོམས་སྲོལ་ངན་པ་ཞིག་གིས་ཀྱང་གཉོམ་དྲག་པའི་ང་ཚོའི་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཡོམ་ཡོམ་དུ་སྒུལ་བཞིན་འདུག ཚང་མས་ཤེས་གསལ་ལྟར་དེང་གི་སྤྱི་ཚོགས་ནི་འགྲན་རྩོད་དང་། ཧམ་སེམས། ཡང་ན་རང་ཉིད་ཇི་ལྟར་བྱས་ཏེ་གཞན་ལས་རྒྱལ་ཐབས་བྱེད་པ་བཅས་ཀྱི་འཁྲུག་ཟིང་གི་ཁོར་ཡུག་ཅིག་ཡིན་པས། མི་མང་པོ་ཞིག་གིས་གོ་སྐབས་འདི་དམ་འཛིན་བྱས་ཏེ་རང་ཉིད་ཀྱི་འཇོན་ཐང་ཟེར་བའི་ཐམ་ཀ་གོར་གོར་དེའི་ཆེད་དུ་འུར་སྒྲོག་དང་གསོབ་སྟོང་གི་སྐད་ཆ་རྫིག་པོ་རེ་བསྐྱར་ཟློས་དང་ཡང་ཟློས་བྱེད་ཀྱིན་ཡོད་པ་ནི་ང་ཚོའི་སྤྱི་ཚོགས་ཧྲིལ་པོའི་སྤྱི་འགྲོས་ཀྱི་ཁ་ཕྱོགས་ལྟ་བུ་ཞིག་ཏུ་གྲུབ་འདུག སྤྱིར་བཤད་ན་སྣང་ཚུལ་འདིའི་རིགས་ནི་མི་རེ་རེར་མངའ་བའི་ཁེ་དབང་དང་རང་མོས་ཀྱི་ཚད་གཞི་སོགས་གང་ཐད་ནས་བཤད་ནའང་མི་འགྲིག་པ་མེད་མོད། ཡར་རྒྱས་ཀྱི་གོམས་འགྲོས་དལ་ཞིང་མི་རིགས་ཤིག་གི་བདག་དབང་ཡོངས་སུ་ཤོར་ཚར་བའི་ད་ལྟའི་ང་ཚོའི་ཁོར་ཡུག་ཆུང་ཆུང་འདིའི་ཤེས་ཡོན་པར་ཁས་འཆེས་མཁན་གྱི་གཞོན་སྐྱེས་ཚོར་མཚོན་ན། རང་རང་གི་ཁེ་གྲགས་ཁོ་ནར་འབད་པ་ལྟ་བུའི་ད་ལྟའི་ཁ་ཕྱོགས་འདི་ཙམ་པོས་ཡིད་ཚིམས་ནས་མི་འདུག་པར་སྤྱི་མོས་ཀྱི་འགན་ཁུར་ཞིག་དང་། ཆིག་སྒྲིལ་གྱི་སྟོབས་ཤུགས་ཅིག ཡང་ན་གནས་ལུགས་ལ་གཞིགས་པའི་རིགས་པའི་གཞུང་ལུགས་ཀྱི་རྒྱབ་བརྟེན་དང་། དོན་དངོས་དང་དངོས་ཡོད་ལ་ཁ་གཏོད་ཕོད་པའི་མི་རབས་ཤིག་གི་དཔུང་སྡེ་ཆགས་རྒྱུ་ནི་མ་མཐར་ཡང་ང་ཚོར་དགོས་པའི་ཆ་རྐྱེན་དང་པོར་འདོད། དེ་ལྟར་མིན་པར་གང་བྱུང་གིས་འུར་ཟིང་དང་སྐད་ཅོར་རྒྱག་པ་ཙམ་གྱིས་ང་ཚོའི་ལས་དབང་ལ་བཀོད་འདོམས་བྱེད་མི་ཐུབ་པར་མ་ཟད། དེ་ལས་ལྡོག་དེ་འཚོ་སྡོད་ཀྱི་ཉེན་ཁར་འཕྲད་ཀྱིན་པའི་ང་ཚོའི་སེམས་ཁམས་འཁྲུག་ཟིང་ཅན་དང་། ལས་ཀར་སྒྱིད་ལུགས་དང་སུན་སྣང་འཕེལ་བ། སོ་སོའི་འགན་བབ་ལ་དོ་སྣང་མི་བྱེད་པར་འོལ་ཚོད་ཀྱིས་མཆོངས་རྒྱུག་བྱེད་པ་སོགས་རང་གི་སྤྱི་ཚོགས་ལ་འགན་མི་འཁུར་བའི་ཉེར་ལེན་ལས་ད་ལྟའི་མི་མང་པོ་ཞིག་རང་གི་སྤྱི་ཚོགས་ལ་སུན་སྣང་སྐྱེས་པ་དང་ཡང་ན་མི་དང་མིའི་བར་ལ་ཡིད་རྟོན་དཀའ་བ་སོགས་མདོར་ན་ནང་སེམས་ཀྱི་ནད་གཞི་ཆེན་པོ་ཞིག་ཏུ་གྱུར་ཏེ་རིག་གནས་ཀྱི་འདུ་ཤེས་དབུལ་ཞིང་གནས་ལུགས་མི་བརྩི་བའི་བསམ་བློའི་རུལ་སུངས་བ་མང་དུ་བྱུང་བཞིན་ཡོད་ལ། འདི་ལྟར་ཁེ་དབང་གི་ཕྱོགས་སུ་ཧམ་སེམས་འཕེལ་བས་ཤུགས་རྐྱེན་ལས་བོད་ཀྱི་སྤྱི་ཚོགས་ཡོངས་ལ་འགལ་འདུ་སྣ་མང་གིས་བསྐྱེད་པའི་གནོད་སྐྱོན་རབ་དང་རིམ་པར་ཐེབས་ཀྱིན་ཡོད།
དེང་སྐབས་ཚན་རིག་དར་ཁྱབ་དང་བརྡ་འཕྲིན་གྱི་ནུས་པ་ཁྱབ་བརྡལ་བྱུང་བ་དང་མཉམ་དུ་འཛམ་གླིང་ཤར་ནུབ་མང་པོའི་རིགས་གནས་མང་པོ་འདྲེས་སྦྱོར་ཅན་དང་གཅིག་སྡུད་ཀྱི་ཕྱོགས་སུ་གོམ་པ་སྤོ་བཞིན་ཡོད་པས། སའི་གོ་ལ་ཧྲིལ་པོ་ཇེ་ཆུང་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ལས་ང་ཚོས་ཀྱང་ཕྱི་ཕྱོགས་སམ་ཡང་ན་ཡར་རྒྱས་རྒྱལ་ཁབ་འགའ་རེ་ནས་མཐོང་ཐོས་བྱུང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་འགའ་རེ་གཞི་བརྟེན་དུ་བྱས་ཏེ། རང་དབང་དང་ཐོབ་ཐང་། ཡང་ན་མང་གཙོའི་ལྟ་བ་ཟེར་བ་ལྟ་བུའི་ཐ་སྙད་རྫིག་པོ་རེ་ལག་ཆར་འཕྱར་ནས་ས་ལྡིང་གནམ་ལྡིང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དག་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་ལྟ་བུ་ཞིག་ཏུ་སྣང་ཡང་། ཞིབ་ཏུ་བསམས་ན་ང་ཚོའི་སྤྱི་ཚོགས་ཁྲོད་ཡིག་ངོ་ཤེས་མཁན་ཙམ་བྱུང་ན་གདེང་འཇོག་བྱེད་ཚུལ་དང་། སློབ་ཆེན་སློབ་མ་རེ་བྱུང་ན་ངོམ་སོ་བྱེད་པ། རྩོམ་ཡིག་ཡག་པོ་རེ་འབྲི་ཤེས་ཚེ་ང་རྒྱལ་སྐྱེས་པ་ལྟ་བུའི་ད་ལྟའི་སྣང་ཚུལ་མི་ལེགས་པ་མང་པོ་ཞིག་ལ་གཞིགས་ན་ང་ཚོས་ད་དུང་རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་འདིའི་བག་ལ་ཞ་བའི་སེམས་ཁམས་ཀྱི་ནད་གཞི་དག་ལ་སྨན་གསོ་གང་ལེགས་བྱས་ཏེ་གཟུགས་གཞི་བདེ་ཐང་ཅན་ཞིག་ཏུ་གཏོང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད། དེ་བས་ད་ལྟའི་འུ་ཅག་གི་འཕག་འཚག་བྱེད་སྟངས་འདིས་ང་དང་ང་ལྟ་བུ་མང་པོ་ཞིག་གི་འདོད་བློ་ཡོངས་སུ་ཁེངས་ཐུབ་ཀྱིན་མེད། རྒྱུ་མཚན་ད་ལྟ་ང་ཚོའི་སྤྱི་ཚོགས་ཧྲིལ་བོར་རང་ཚུགས་མི་ཐུབ་པའི་རིག་གནས་ཀྱི་འདུ་ཤེས་འཁྱེར་སྟངས་ཞིག་འབྱུང་བཞིན་ཡོད་ལ། རྩོམ་པ་པོ་དང་སྒྱུ་རྩལ་གྱི་ལམ་ཁར་བསྐྱོད་མཁན་དག་ལ་མཚོན་ནའང་ཚད་མཐོ་བའི་སྒྱུ་རྩལ་འཚོལ་སྙེག་གི་ཁེར་རྐྱང་གི་འགན་འཁྲི་དོར་ཏེ་སྤྱི་ཡོངས་རང་བཞིན་ནས་རིག་གནས་དགག་བཞག་གི་གླེང་བྱ་ཙམ་ལ་བློ་ཕྱོགས་ཀྱིན་འདུག་ལ་འདིའི་རིགས་ཀྱི་དགག་བཞག་གི་ཁ་གཏད་ས་གཙོ་བོ་ཡང་གཞན་ལ་སྡིགས་དམོད་དང་འཚང་འདྲུ། འུར་སྒྲོག་དང་ཟོལ་བཅོས། ཡང་ན་ཁོམ་དྲག་པའི་ཉིན་རེའི་ནང་གི་ལྐོག་ཉན་དང་གཞན་ལ་སྐུར་འདེབས་བྱེད་པར་གོམས་པའི་སྤྱོད་ངན་གྱི་རིགས་ཏེ། མདོར་ན་ཡོད་ཚད་གཡོན་ལྷུང་དང་ནོར་འཁྲུལ་གྱི་ལམ་ཁར་ཕྱོགས་ཀྱིན་འདུག་པས་ང་ཚོའི་སྤྱི་ཚོགས་ཧྲིལ་བོ་ཡར་རྒྱས་དང་བརྟན་བརླིང་གི་ཕྱོགས་སུ་སྙེག་པར་འགོག་རྐྱེན་ཆེན་པོ་བཟོ་བཞིན་འདུག་སྙམ་པའི་བློ་འཚམ་ཞིག་ང་དང་ང་ལྟ་བུ་མང་པོ་ཞིག་ལ་སྐྱེས་བཞིན་ཡོད། འདི་ལས་བྱུང་བའི་ནག་ཉེས་གཙོ་བོ་ཡང་འུ་ཅག་གི་མིག་འབྲས་བཞིན་གཅེས་པར་འོས་པའི་མི་རབས་རྗེས་མའི་ལོ་ཆུང་དག་གི་དྭངས་གཙང་གི་བསམ་བློའི་ཁ་ཕྱོགས་རྙོག་བཞིན་པ་འདི་རེད། ཁོང་ཚོས་གསེར་ལས་དཀོན་པའི་སློབ་སྦྱོང་གི་དུས་ཚོད་མང་པོ་ཆུད་ཟོས་སུ་གཏོང་བཞིན་ཉིན་མཚན་གོ་ལྡོག་གིས་དེང་གི་དྲ་ཚིགས་དང་ཟིན་བྲིས་དག་གི་སྣེ་མོ་ན་འདིའི་སྐོར་གྱི་སྐད་ཅོར་ལ་རྣ་བ་གཏད་ཅིང་མིག་ཟུང་ཅེར་གྱིན་ཡོད་པ་ཚང་མས་ཤེས་གསལ་རེད། དེ་བས་ཚང་མས་སོམས་དང་ཁོ་ཚོའི་སླད་མེད་དྭངས་གཙང་གི་སེམས་ཁམས་ཀྱི་མཁའ་དབུགས་འདི་ལྟར་འབག་བཙོག་དང་དྲི་ངན་གྱིས་རུལ་དུ་བཅུག་ན། ང་ཚོའི་ཁོར་ཡུག་ཧྲིལ་པོར་འབག་བཙོག་གིས་ཟ་བའི་འཇིགས་རུང་གི་ཉེན་ཁ་ཚབས་ཆེན་འབྱུང་བར་གདོན་མི་ཟའོ།