ལོ་འཁོར་མཛད་སྒོ།

གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཙུགས་ནས་ལོ་འཁོར་གཉིས་ལོན་པའི་མཛད་སྒོའི་སྟེང་། འབྱུར་འགྱུར་བོད་ཀྱི་བཀའ་བློན་ཁྲི་བའི་འོས་མི་བརྒྱད་ཕྱིར་བསྒྲགས་གནང་ཡོད།
ཕྱི་ཚེས་ ༣༠ ཉིན་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཙུགས་ནས་ལོ་གཉིས་འགོར་བའི་ལོ་འཁོར་ཚོགས་ཆེན་དེ། སེར་བྱེས་ཡིད་དགའ་ཆོས་གླིང་ཚོགས་ཁང་དུ་བསྐོངས་འཚོགས་གནང་བ་དང་། ཉིན་དེར་འབྱུང་འགྱུར་བོད་ཀྱི་བཀའ་བློན་ཁྲི་བའི་འོས་མི་བརྒྱད་ཀྱི་མཚན་མིང་ཕྱིར་བསྒྲགས་གནང་ཡོད།
ཉིན་དེར་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་ལགས་ཀྱིས་གསུངས་དོན། དང་ཐོག་ང་ཚོས་ཚོགས་པ་འདི་འཛུགས་དགོས་པའི་དམིགས་ཡུལ་ལྟེ་བ་གཅིག་སྟེ། བོད་བསྟན་སྲིད་མི་རིགས་དང་བཅས་པ་ཆག་འཇིག་གི་དུས་ཚོད་འདི་འདྲ་ཞིག་ལ་སླེབས་སྐབས། ང་སློབ་གཉེར་བ་ཡིན་དང་ང་ཚོང་བ་ཡིན་ཟེར་བ་ལྟ་བུ་སོ་སོའི་ལས་དོན་ཐོག་ལ་ཤུགས་རྒྱག་རྒྱུ་མ་གཏོགས། རྒྱ་ནག་གིས་གཏིང་གནག་པའི་ཆབ་སྲིད་ཀྱི་སྲིད་ཇུས་བཏང་སྟེ། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་བརླག་གཏོང་བཞིན་པར་དེ་ཙམ་གྱིས་ཚོར་སྣང་མེད་པའི་བཟོ་འདྲ་བོ་དང་ ༡༩༩༥ ལོ་དང་ ༡༩༩༦ ལོ་སོགས་ལོ་ངོ་ཁ་ཤས་རིང་ཕལ་ཆེར་ལས་འགུལ་ཟེར་བ་ཞིག་སྤེལ་ཀྱི་མེད་པ་ལྟ་བུ་བྱུང་བ་རེད། དེར་བརྟེན་ང་ཚོས་མུ་མཐུད་འདི་ལྟར་སོང་ན་རྩ་བ་ནས་འགྲིག་གི་མི་འདུག བོད་དོན་ཆེད་འཕག་འཚག་ཅིག་རྒྱག་དགོས་ཀྱི་འདུག་ཅེས་ཆོད་སེམས་དང་དམ་བཅའ་དེ་ལྟ་བུ་ཞིག་བཟུང་ནས་ལས་འགུལ་སྤེལ་སྐབས། ཚོགས་པ་ཞིག་མེད་ཚེ་དཔལ་འབྱོར་འདུ་འགོད་དང་ཕྱི་ཕྱོགས་སུ་འབྲེལ་ལམ་བྱེད་པ་སོགས་ལ་དཀའ་ངལ་ཡོང་གི་ཡོད་སྟབས། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཞེས་པའི་ཚོགས་པ་ཞིག་བཙུགས་པ་རེད། ཅེས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་འཛུགས་དགོས་པའི་ཐོག་མའི་དམིགས་འདུན་གསུངས་པ་དང་། ཡང་ཁོང་གིས་ཚོགས་པའི་ལངས་ཕྱོགས་སྐོར་ནས་གསུངས་དོན། ཚོགས་པ་འཛུགས་སྐབས་རིགས་ཁ་ཤས་ཀྱིས་དབུ་མའི་ལམ་གྱི་ཐོག་ཏུ་འགྲོ་དགོས་ཀྱི་འདུག་ཟེར་བ་དང་། ཡང་རེ་ཟུང་གིས་རང་བཙན་གཙང་མའི་ལས་འགུལ་མ་སྤེལ་ན་ཡོང་ཐབས་མི་འདུག་ཟེར་བ་ལྟ་བུའི་རིགས་གཉིས་ཀྱི་འགལ་ཟླ་ཞིག་བྱུང་ཡོང་དུས། གང་གི་ནང་དུ་འཛུལ་ནའང་མ་འགྲིག་པ་ལྟ་བུ་ཞིག་བྱུང་མྱོང་བ་རེད། གནས་ཚུལ་དེར་བརྟེན་ནས་ལྟ་གྲུབ་ལ་དབྱེ་བ་མེད་པར་བོད་མི་རིགས་དང་རིག་གཞུང་གི་དོན་དུ་འཐབ་རྩོད་བྱེད་ཐུབ་པ་ཞིག་བྱུང་ན་ཡག་པོ་ཡོང་ས་རེད་བསམ་ནས་རང་བཙན་གཙང་མ་དང་དབུ་མའི་ལམ་ཞེས་ལངས་ཕྱོགས་གཅིག་རང་གི་སྟེང་དུ་འགྲོ་རྒྱུ་མ་ཡིན་པར། དེ་གཉིས་ཀར་ཁྱབ་ཐུབ་པར་ལྟ་གྲུབ་ལ་དབྱེ་བ་མེད་པའི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་པའི་ལངས་ཕྱོགས་བཟུང་བ་རེད་ཅེས་གསུངས་ཡོད།
གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་དབུ་བརྙེས་ཏེ་ལོ་འཁོར་གཉིས་ལས་ལོན་མེད་ནའང་། འདས་པའི་ལོ་གཉིས་ནང་ཚོགས་པ་འདིའི་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་བོད་དོན་ཆེད་ས་གནས་གཞོན་ནུ་དང་བུད་མེད་མཉམ་དུ་ལས་འགུལ་མང་དག་ཅིག་སྤེལ་ཐོག སྤྱི་ཚོགས་ཞབས་ཕྱིའི་ལས་དོན་ཡང་གང་མང་ཞིག་སྤེལ་འདུག་ལ། ལྷག་པར་དུ་ས་གནས་ཉིན་སློབ་ཁག་གི་སློབ་ཕྲུག་ཚོར་དབྱང་གནང་གི་གུང་སེང་དང་བསྟུན་ནས་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང་། ནང་ཆོས་ངོ་སྤྲོད་སོགས་ཀྱི་ལས་འགུལ་ཁག་ཅིག་ཀྱང་སླེལ་གྱིན་ཡོད་འདུག
ཐེངས་འདིའི་ཚོགས་འདུའི་སྟེང་ཕྱིར་བསྒྲགས་གནང་བའི་བཀའ་བློན་ཁྲི་བའི་འོས་མི་རྣམས་ནི། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་བ་སྐར་མ་ཆོས་འཕེལ་ལགས་དང་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ། སྤྱི་འཐུས་ཚོགས་གཞོན་རྒྱལ་རི་སྒྲོལ་མ། མཁས་དབང་བློ་བཟང་སེང་གེ། སྐུ་སྒེར་དྲུག་ཡིག་རྔ་བ་ཚེ་རྒྱམ། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། ཕྱི་དྲིལ་དྲུང་ཆེ་དག་པོ་བསོད་ནམས་ནོར་བུ་སོགས་ཡིན་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

21 thoughts on “ལོ་འཁོར་མཛད་སྒོ།