དེ་རིང་སྔ་དྲོ་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་དྲ་བའི་སྟེང་གནས་ཚུལ་སྤེལ་དོན། ཟླ་ ༦ ཚེས་ ༢༠ ཉིན། ཏཱ་ལའི་བླ་མས་རྡ་རམ་ས་ལར་ཡོད་པའི་གྲྭ་བ་རྣམས་ལ་བསྟན་པའི་བརྙན་འཕྲིན་ཞིག་ཏུ་འདི་སྐད། ཆོས་སྲིད་གཉིས་ཀྱི་འགན་དེ་མི་གཅིག་གིས་འཁུར་དགོས་ན། དཀའ་ངལ་ཆེན་པོ་ཡོད་པས། ངའི་ཤུལ་འཛིན་པས་མུ་མཐུད་དུ་ཆོས་སྲིད་ཟུང་གི་འགན་འཁུར་བ་འོས་སུ་བབ་མི་འདུག ཅེས་བཤད་པ་རེད།
རུའེ་ཁྲེར་སི་(Reuters)ཞེས་པའི་དབྱིན་ཇིའི་གསར་འགྱུར་ལས་ཁུངས་ཆེ་ཤོས་ཀྱིས་ཚེས་ ༢༡ ཉིན་སྤེལ་བའི་གསར་འགྱུར་དུ་འདི་ལྟར། ཏཱ་ལའི་བླ་མའི་གཏམ་བཤད་ཅིག་ཏུ། “བཙན་བྱོལ་བོད་མི”རྣམས་ཀྱིས་དམངས་གཙོའི་ཐབས་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གི་སྲིད་དཔོན་འདེམས་བསྐོ་བྱེད་ཆོག་པ་མ་ཟད། ད་དུང་འདེམས་བསྐོ་བྱས་པ་བརྒྱུད་ནས་ཆོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་མིན་ཐག་གཅོད་བྱས་ཆོག ཅེས་བཀོད་འདུག
དབྱིན་ཇིའི་《རང་བཙན་ཚགས་པར》སོགས་ཀྱི་གསར་འགྱུར་ལྟར་ན། ཏཱ་ལའི་ཐེངས་འདིའི་གཏམ་བཤད་ལ་ནང་དོན་གཙོ་བོ་གཉིས་ཡོད་པ་ནི། དམངས་གཙོའི་འདེམས་བསྐོ་ལག་བསྟར་དང་ཆོས་སྲིད་སོ་སོར་དབྱེ་རྒྱུ་དེ་རེད། ཏཱ་ལའི་ཡིས། འདས་པའི་ལོ་བཞི་བརྒྱའམ་ལྔ་བརྒྱའི་རིང༌། ཏཱ་ལའི་བླ་མ་ནི་ཆོས་སྲིད་ཟུང་གི་དབུ་ཁྲིད་ཡིན་ཞིང༌། དུས་སྐབས་དེར་མཚོན་ན་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འཚམ་པ་ཡིན་ཡང༌། ད་ལྟ་དུས་སྐབས་དེ་འདས་ཟིན་ཡོད་པ་རེད་ཅེས་དང༌། ཡང༌། འཛམ་གླིང་ཡོངས་ལ་གཅིག་མཐུན་གྱི་ལྟ་བ་ཞིག་བྱུང་བ་ནི། དམངས་གཙོའི་ལམ་ལུགས་ལ་རང་སྟེང་གི་སྐྱོན་ཆ་ཡོད་ནའང་དེ་ནི་ད་ཡོད་ཀྱི་ལམ་ལུགས་ཡོངས་ལས་མཆོག་ཏུ་གྱུར་པ་ཞིག་ཡིན་པས། “བཙན་བྱོལ་བོད་གཞུང”གིས་ དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་པ་དེ་ཡང་འཛམ་གླིང་གི་འཕེལ་ཕྱོགས་དང་བསྟུན་ཐབས་བྱས་པ་ཡིན། ཞེས་དམངས་གཙོའི་ལམ་ལུགས་ལ་བསྟོད་བསྔགས་བྱས་ཡོད་པ་རེད།
“དམངས་གཙོ”ཞེས་པ་ནི་ཐོག་མཐའ་བར་གསུམ་དུ་ཏཱ་ལའི་ནུབ་ཕྱོགས་དང་བསྟུན་པའི་ཐབས་ཤིག་ཏུ་གྱུར་ཡོད་ལ། ཏཱ་ལའི་མགྲིན་ཚབ་པས་དབྱིན་ཇིའི་《རང་བཙན་ཚགས་པར》དུ་བཤད་པ་ལྟར་ན། “བཙན་བྱོལ་བོད་གཞུང་གིས”དུས་རབས་གོང་མའི་ལོ་རབས་ ༦༠ བའི་མཇུག་ནས་བཟུང་དམངས་གཙོའི་ལམ་ལུགས་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད་པ་རེད།
ཨ་མེ་རི་ཁའི་ཝེ་ཅེ་ནེ་ཡ་སློབ་ཆེན་གྱི་ཆོས་ལུགས་ལ་ཞིབ་འཇུག་གནང་བཞིན་པའི་དགེ་རྒན་ཆེན་མོ་ཁེ་རེན་ལང་(Karen Lang)ཞེས་པའི་ལྟ་བ་ལྟར་ན། ཟླ་ ༧ པའི་ཚེས་ ༦ ཉིན་ནི་ཏཱ་ལའི་བླ་མ་ལོ་ ༧༤ རུ་སླེབས་པའི་སྐྱེ་སྐར་ཡིན་ཞིང༌། ཁོས་ད་ཆ་བསམ་བློ་གཏོང་བཞིན་པ་ནི་རྗེས་ཕྱོགས་ཀྱི་བྱ་བ་ཡིན་ལ། ཤུལ་འཛིན་པ་འདེམས་བསྐོ་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་ལས་དོན་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་དང༌། ཆོས་སྲིད་སོ་སོར་དགར་ཚེ། འདེམས་བསྐོ་བྱུང་བའི་མི་དེ་ནར་སོན་པའི་དུས་ཚོད་ཡོད་པ་རེད་སྙམ་གྱིན་ཡོད་ཟེར།
ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་དང༌། བོད་དོན་པ་ཧུའུ་ཡན་གྱིས་གནས་ཚུལ་དེའི་སྐོར་ལ་འདི་སྐད། ཏཱ་ལའི་ཡིས་ཤུལ་འཛིན་པ་གླེང་བའི་རྒྱུ་མཚན་ནི་ཀྲུང་དབྱང་དང་འབྲེལ་བ་ཡོད་པ་སྟེ། ཆོས་ཀྱི་ཆོ་ག་ལྟར་ན། ཏཱ་ལའི་ཡང་སྲིད་འཚོལ་བ་དེ་མ་གཞི་ལས་སླ་བོ་ཞིག་ཡིན་མོད། འོན་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་ཁོས་བཙལ་བའི་ཤུལ་འཛིན་པ་དེ་ཁས་ལེན་མི་སྲིད་པས་བཤད་སྟངས་སྣ་ཚོགས་བྱུང་བ་རེད་ཅེས་བཤད། ཅེས་བཀོད་འདུག