རྒྱལ་སྤྱིའི་གསར་འགྱུར་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། ཕྱི་ཟླ་ ༦ པའི་ཚེས་ ༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་སྐར་མ་ ༡༠ སྟེང་རྒྱ་ནག་གཞུང་འབྲེལ་གསར་ཤོག་ <<མི་དམངས་ཉིན་རེའི་ཚགས་པར་>> གྱི་དྲ་ཚིགས་ << མི་དམངས་དྲ་བ་ >>ཞེས་པའི་སྟེང་འཇུ་བཟུང་བཀའ་རྒྱ་བཏང་ཟིན་པའི་ཉེས་ཅན་པ་ཞིག་གི་འདྲ་པར་གྱི་ཚབ་ཏུ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་འཛིན་ཐོག་མ་མའོ་ཙེ་ཏུང་གི་འདྲ་པར་བཀོད་དེ་སྤེལ་ཡོད་འདུག
མ་གཞི་གསར་འགྱུར་དེ་ནི། ཕྱི་ཟླ་ ༤ པའི་ནང་རྒྱ་ནག་ཉེན་རྟོག་ཚན་པ་ནས་བྱིས་པ་གཡོ་འཚོང་བྱེད་མཁན་ཡན་ཁྲོའོ་ཞང་ལ་འཛིན་བཟུང་བཀའ་རྒྱ་བཀྲམས་རྗེས། ཕྱི་ཟླ་ ༦ པའི་ཚེས་ ༢༢ ཉིན་ཡན་ཁྲོའོ་ཞང་གིས་རྒྱ་ནག་ཡུན་ནན་ཞིང་ཆེན་ཁོངས་གཏོགས་ཀོང་ནན་རྫོང་ཉེན་རྟོག་ཁང་ལ་རང་ཉེས་ངོས་ལེན་གྱིས་མགོ་འདོགས་བྱས་པའི་གནས་ཚུལ་དེ། ཕྱི་ཟླ་ ༦ པའི་ཚེས་ཉེར་ལྔ་ཉིན་རྒྱ་ནག་མི་དམངས་དྲ་བའི་སྟེང་འགོད་སྐབས་ཉེས་ཅན་པའི་འདྲ་པར་གྱི་ཚབ་དུ་མའོ་ཡི་འདྲ་པར་བཞག་སྟེ་གསར་འགྱུར་དུ་བཀོད་པ་ཞིག་ཡིན་འདུག དྲ་རྒྱ་ཀློག་མཁན་དག་གིས་མི་དམངས་དྲ་བའི་སྟེང་གི་གནས་ཚུལ་དེ་མཐོང་མ་ཐག་དྲ་ངོས་ཕབ་བཤུས་ཀྱིས་དྲ་ལམ་ཁག་ཏུ་བརྒྱུད་འགོད་ཀྱིས་གང་སར་ཁྱབ་པར་མ་ཟད། རྒྱལ་ཁབ་ཕྱི་ནང་ཀུན་དུ་ཚ་ཚ་འུར་འུར་གྱིས་དོ་སྣང་བྱ་ཡུལ་གྱི་གླེང་གཞིར་གྱུར་ཡོད་འདུག ཆུ་ཚོད་ཕྱེད་ཀའི་རྗེས་ནས་མི་དམངས་དྲ་བས་མའོ་ཡི་པར་དེ་དྲ་ངོས་ནས་བཀོག་ཡོད་ནའང་། སྔར་ནས་ཕབ་ལེན་གྱིས་ཕྱི་ཕྱོགས་ཀྱི་དྲ་ལམ་ཁག་ཏུ་ཁྱབ་ཟིན་པའི་རྐྱེན་གྱིས་སྦས་གསང་བྱེད་ཐུབ་མེད་པ་རེད།
ཕྱི་ཚེས་ ༢༦ ཉིན་ཧོང་ཀོང་གི་གསར་འགོད་པ་ཁྲིན་ཧན་ལིང་གིས་གསར་ལམ་ཏུ་གནས་ཚུལ་སྤེལ་དོན། མི་དམངས་དྲ་བའི་མགྲིན་ཚབ་པས་ནོར་འཁྲུལ་བྱུང་བ་ངེས་ལེན་དང་ནོར་འཁྲུལ་གྱི་འབྱུང་རྐྱེན་ཞིབ་བཤེར་རྩད་གཅོད་བྱ་རྒྱུ་ཡིན་ཚུལ་ཀྱང་བརྗོད་ཡོད་པ་རེད། མིག་སྔར་གནད་དོན་གྱི་འབྱུང་རྐྱེན་ངོ་མ་དེ་གསལ་རྟོགས་ཐུབ་མེད་ནའང་། མི་དམངས་དྲ་བའི་འབྲེལ་ཡོད་འགན་ལེན་པ་ཞིག་བཀག་ཉར་བྱས་ཡོད་འདུག་ཟེར།
གཞན་ཡང་ << ཀྲུང་གོར་བལྟ་བ >> ཞེས་པའི་རྒྱ་ཡིག་དྲ་རྒྱའི་སྟེང་ཁ་བྱང་ལ་ << མའོ་ཙེ་ཏུང་ལ་འཛིན་བཟུང་བཀའ་རྒྱ་བཀྲམས་པ།>> ཞེས་བཀོད་ནས་གནས་ཚུལ་དེ་བརྒྱུད་འགོད་བྱས་ཡོད་པར་མ་ཟད། གསར་འགྱུར་དེའི་གཤམ་དུ་ཀློག་པ་པོ་དག་གིས། “དུད་འགྲོ་དེས་ཚེ་ཐོག་ན་ཡོད་དུས་མི་མང་ལ་གནོད་འཚེ་བཟོས་པར་མ་ཟད། ད་ལྟའང་ཁོའི་རྒྱུད་འཛིན་དམར་ཤོག་པས་ཁོ་རང་བེད་སྤྱད་དེ་མི་མང་ལ་གནོད་འཚེ་བཟོ་བཞིན་ཡོད། ཁོས་ཀྲུང་གོའི་མི་དམངས་ལ་གནོད་འཚེ་བཟོས་པའི་ནག་ཉེས་དེ་ལྟ་བུ་ཞིག ཀྲུང་གོའི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་ལ་རྗེས་མའང་འབྱུང་མི་སྲིད་པ་ཞིག་རེད། ཡིན་ནའང། ད་ལྟ་ད་དུང་དམར་ཤོག་པའི་དབང་བསྒྱུར་འོག་ནས་ཁོའི་ནག་ཉེས་སྐོར་ནས་གླེང་བརྗོད་སྤེལ་མི་ཆོག་པ་རེད། དངོས་གནས་ཡིད་སྐྱོ་བ་རང་རེད། ” ཅེས་དང་ “དམར་ཤོག་དྲག་སྤྱོད་པའི་གཏེ་བོ་མའོ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཉེས་ཅན་གྱི་མི་དེ་རེད། དམར་ཤོག་ཚོགས་པ་ནི་འགྲོ་བ་མིའི་རིགས་ལ་ཆེས་ཉེན་ཁ་ཆེ་བའི་ཇག་ཚོགས་དང་པོ་དེ་རེད། ཁོས་གནམ་འོག་འདིར་མི་ཤོངས་པའི་ཆེས་དྲག་སྤྱོད་དང་ཆེས་གདུག་རྩུབ་ཀྱི་ནག་ཉེས་བསགས་ཡོད། འཛམ་གླིང་དུ་འཇུ་བཟུང་བཀའ་རྒྱ་བཏང་སྟེ་རྩ་མེད་གཙང་ཕྱག་བྱེད་དགོས། གལ་སྲིད་རང་ཉིད་ཀྱི་ཚེ་སྲོག་སྲུང་འདོད་ན་དམར་ཤོག་འདྲེ་ཚོགས་འདིར་རྒྱང་བཀྱེད་གནང་རོགས།”སོགས་བསམ་ཚུལ་སྣ་ཚོགས་སྤེལ་འདུག
སྤྱིར་རྒྱ་ནག་དམར་ཤོག་གཞུང་གིས་མའོ་ཡི་འདྲ་བར་ལ་དམའ་འབེབ་བྱས་ན་དེ་ནི་ནག་ཉེས་ཆེན་པོར་བརྩི་གི་ཡོད་པ་རེད། ཕྱི་ལོ་ ༡༩༨༩ ལོའི་དམངས་གཙོའི་ངོ་རྒོལ་ལས་འགུལ་བྱུང་སྐབས། རྒྱ་ནག་ཧོ་ནན་ཞིང་ཆེན་ནས་ཡིན་པའི་ལས་བཟོ་བ་གསུམ་གྱིས་ཐེན་ཨན་མེན་སྒོ་ཆེན་སྟེང་གི་མའོ་ཡི་འདྲ་པར་ལ་ནག་བཙོག་བཟོས་པ་དེར་ལོ་ ༨ ནས་ ༡༨ བར་གྱི་བཙོན་འཇུག་ཉེས་ཁྲིམས་བཅད་ཡོད་པ་རེད།