སྤྱི་འཐུས་གཉིས་ཀྱི་གཟིགས་སྐོར།

ང་ཚོ་སྤྱི་འཐུས་རྣམས་ནི་སྤྱི་འཐུས་ཞེས་པའི་མིང་ཞིག་ཁུར་བསྡད་ཡོད་ནའང་། མི་མང་གི་སྐུ་ཚབ་ཡིན་སྟབས། དུས་རྟག་ཏུ་མི་མང་གི་བདེ་སྡུག་ཡར་ཞུ་རྒྱུ་ནི་ང་ཚོའི་ལས་འགན་རེད་ཟེར།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ དང་ ༤༠ ཙམ་ལ་སྦེལ་ཀོབ་བདེ་སྐྱིད་སློར་གསོའི་མི་མང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་དང་སྤྱི་འཐུས་དཀོན་མཆོག་སྒྲོལ་མ་རྣམ་གཉིས་ཀྱིས་མི་མང་ལ་བཀའ་སློབ་གསུང་བཤད་ཅིག་གནང་ཡོད་ལ། ཐེངས་འདིར་ཁོང་རྣམ་པ་གཉིས་ས་གནས་འདིར་ཕེབས་དོན་ནི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་དམིགས་དོན་ལྟར་སྤྱི་འཐུས་རྣམས་པ་ཁག་བགོས་ཀྱིས་ས་གནས་ཁག་ཏུ་ཆེད་བསྐྱོད་བྱས་ཏེ། མི་མང་ལ་ཆབ་སྲིད་སློབ་གསོ་སྤེལ་རྒྱུ་དང་མང་གཙོའི་འཕེལ་རིམ་ངོ་སྤྲོད་དང་གོ་རྟོགས་མཐོ་རུ་གཏོང་རྒྱུ། གཞིས་ཆགས་ཁག་སྲ་བརྟན་ཇི་ལྟར་གཏོང་དགོས་པ་དང་མང་ཚོགས་དཀྱུས་མའི་དངོས་ཡོད་འཚོ་བར་རྒྱུས་ལོན་བྱས་ཏེ། ཁ་ཡོད་ལག་ཡོད་ཀྱིས་དཀའ་ངལ་ཡོད་རིགས་ལ་ཞིབ་འཇུག་དང་གོ་རིམ་ལ་སྙན་གསན་ཞུ་རྒྱུ་བཅས་ཡིན་འདུག
ཚོགས་འདུའི་སྟེང་གཞིས་མགོ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་བདེ་སྐྱིད་སླར་གསོའི་གཞིས་གྲོང་ ༡༠ དང་ ༡༡ ། ༡༢ བཅས་ཀྱི་ཞིང་ཁར་གླང་ཆེན་གྱི་ཉེན་ཁ་ཡོད་པ་མ་ཟད། ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་གྲོང་ ༥ དང་ ༦ པར་ཡང་གླང་ཆེན་གྱི་དཀའ་ངལ་ཡོད་སྐོར་ཞུས་ཡོད་ལ། སྤྱིའི་ཆ་ནས་མང་ཚོགས་ལ་འཐུང་ཆུའི་སྟེང་དུའང་དཀའ་ངལ་ཕྲན་བུ་ཡོད་ཅེས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་དུ་ཞུས་སོང་།
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་མི་མང་ལ་བོད་ཀྱི་འདས་མ་ད་གསུམ་གྱི་ཆབ་སྲིད་གནས་བབ་ངོ་སྤྲོད་གནང་བ་མ་ཟད། ད་ལྟ་བར་ང་ཚོས་བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་ཞིག་ཡོང་རྒྱུར་བརྩད་དེ་ཡོང་ཞིང་། འཛམ་གླིང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་ཡང་ལོ་རེ་བཞིན་ཆེ་ནས་ཆེ་རུ་ཡོང་གི་ཡོད་ཚུལ་གསུངས་པ་དང་། སྔོན་ཆད་རྒྱ་ནག་གིས་བོད་མུན་ནག་རེད། རྗེས་ལུས་རེད་ཟེར་དུས་དཔལ་འབྱོར་དང་ཆོས་ལུགས་གཉིས་ལ་གོ་གི་ཡོད་ཅིང་། མོ་ཙེ་ཏུང་གིས་ཆོས་དུག་རེད་ཅེས་༸གོང་ས་མཆོག་ལ་དངོས་སུ་ཞུས་མྱོང་ནའང་། ང་ཚོ་བོད་མི་རིགས་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུད་འཛིན་པ་རེད་ལ། ༸གོང་ས་མཆོག་གི་ད་ལྟའི་རླབས་ཆེན་གྱི་མཛད་འཕྲིན་ཁག་དང་ཆེ་མཐོང་དག་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་བསྟེན་ནས་འབྱུང་གི་ཡོད་པ་རེད། དེར་བརྟེན་ང་ཚོ་ཆོས་ལུགས་ཀྱི་ཐད་ནས་རྗེས་ལུས་མིན་སྐོར་གསུངས་ཡོད་མོད། ཁོང་གིས་ང་ཚོ་དཔལ་འབྱོར་གྱི་ཆ་ནས་བོད་ཕྱི་ནང་གཉིས་ཐད་ནས་རྗེས་ལུས་ཡིན་པ་དང་། ༸གོང་ས་མཆོག་གིས་ལོ་སྔོན་མར་མི་ལོ་ཉི་ཤུའི་ནང་གཞིས་ཆགས་ཁག་ནང་ཡར་རྒྱས་གཏོང་ཐུབ་མེད་སྐོར་གསུངས་ཡོད་ལ། དེ་ནི་གཙོ་བོ་སློབ་ཐོན་པ་རྣམས་ནི་ལག་ཤེས་འདྲ་མིན་སྣ་ཚོགས་ཐོག་ཆེད་ལས་མཁས་ཅན་མིན་པར་བརྟེན། དཔལ་འབྱོར་འདུ་འགོད་ཐུབ་ཀྱི་མེད་པས་རང་གིས་ཤེས་ཡོན་གྱིས་ཕྱིར་རང་གི་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཀྱིས་དེ་ཙམ་ཕན་གྱི་མེད་སྐོར་གསུངས་ཡོད། ཁོང་གིས་ང་ཚོས་ད་བར་སྦྱངས་པའི་ཤེས་ཡོན་གནས་སྟངས་གཞན་ལས་ལྷག་ཅིག་མེད་ནའང་། གཞན་དང་འདྲ་མཉམ་ཞིག་ངེས་པར་དུ་ཡོང་དགོས་ཀྱི་འདུག་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་བཅས་ལ་ངེས་པར་དུ་རང་སྐྱ་འཕེར་བ་ཡོད་ཐོག་སྐད་རིགས་གཞན་དང་། ཆེད་སྦྱོང་འདྲ་མིན་ཐོག་སློབ་ཐོན་བྱ་དགོས་ཀྱི་འདུག་ཅེས་ནན་ཏན་གྱིས་གསུངས་ཡོད།
དེ་བཞིན་ཤེས་ཡོན་གནས་སྟངས་མང་བོ་སྦྱང་བའི་འབྲས་བུར་མིའི་ཀུན་སྤྱོད་བཟང་བོ་ཞིག་དགོས་པ་དེ་རེད་ལ། སྐབས་རེར་གཞས་ཆགས་སུ་མི་ཤེས་ཡོན་ཡོད་མེད་ལ་མ་ལྟོས་པར་རྒན་རབས་པ་རྣམས་ཀྱིས་སྔོན་ཆད་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་ཀྱི་དཀའ་སྡུག་གི་གནས་སྟངས་རྣམས་ལ་གཞོན་སྐྱེས་ཚོར་དམར་ཁྲིད་བྱས་པ་བརྒྱུད། ན་གཞོན་རྣམས་ཀྱིས་སྐབས་དེའི་སྤྱི་ཚོགས་འཚོ་བ་དང་ཆབ་སྲིད་གནས་སྟངས་ངོས་ཟིན་པར་གོ་རྟོགས་སྤེལ་དགོས་ཀྱི་འདུག་ལ། ཕྱི་རྒྱལ་དུ་ཡོད་པའི་བུ་ཕྲུག་ཚོས་རང་གི་ཕ་མའང་བཙོན་དུ་སྐྱེལ་ཀྱིན་ཡོད་པ་རེད། དེ་ཚོ་བོད་མི་རིགས་ཀྱི་མི་གཤིས་ཀུན་སྤྱོད་དང་མཐུན་གྱི་མེད་ལ། བོད་ནང་ལྟ་བུར་མཚོན་ཕ་མས་བུ་ཕྲུག་གཉོར་སྐྱོང་བྱས། བུ་ཕྲུག་གིས་ཕ་མར་དྲིན་ལན་འཇལ་བ་སོགས་བྱེད་ཀྱིན་ཡོད་ནའང་། བྱེས་སུ་དེང་སྐབས་བུ་ཕྲུག་གསུམ་བཞི་ཡོད་ནའང་ཕ་མ་རྒས་གསོ་ཁང་དུ་སྐྱེལ་གྱིན་ཡོད་པས། དེ་ནི་ཡག་པོ་མིན་ཚུལ་སོགས་གསུངས་ཡོད་ལ། ཁོང་གི་གསུང་མོལ་ཐུང་ངུ་དེའི་དབང་གིས་ངའི་འཁྲས་ཀྱི་རྒས་འཁོགས་རེ་ཟུང་གིས་མིག་ཆུ་གཏོང་བཞིན་འདུག
དེའི་རྗེས་སྤྱི་འཐུས་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས་ཐེངས་འདིར་སྦེལ་ཀོབ་གཞིས་ཆགས་ཙམ་ཡིན་པར་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཁག་བགོས་ཀྱིས་ས་གནས་ཁག་ཏུ་ཆེད་ཕེབས་གནང་བཞིན་ཡོད་ཅིང་། དེ་ནི་གཞི་རིམ་མང་ཚོགས་ལ་ཆབ་སྲིད་སློབ་གསོ་སྤྲོད་རྒྱུ་དང་མང་གཙོའི་འཕེལ་རིམ་ངོ་སྤྲོད་གནང་རྒྱུ། གཞིས་ཆགས་ཁག་སྲ་བརྟན་གཏོང་ཐབས། མང་ཚོགས་ཀྱི་འཚོ་ལ་དངོས་ལ་ཉུལ་ཞིབ་བཅས་བྱས་ཏེ་དཀའ་ངལ་ཡོད་རིགས་གོང་རིམ་ལ་ཞུ་རྒྱུ་བཅས་ཡིན་པ་དང་། ང་ཚོ་སྤྱི་འཐུས་རྣམས་ནི་སྤྱི་འཐུས་ཞེས་པའི་མིང་ཞིག་ཁུར་བསྡད་ཡོད་ནའང་། མི་མང་གི་སྐུ་ཚབ་ཡིན་སྟབས། མི་མང་གི་བདེ་སྡུག་ཡར་ཞུ་རྒྱུ་ནི་ང་ཚོའི་ལས་འགན་ཡིན་བསམ་ནས་དུས་རྟག་ཏུ་སེམས་ལ་ཀུན་སློང་དེ་ལྟ་བུ་ཞིག་ཁྱེར་ཡོད་ཅེས་གསུངས་སོང་། དེ་བཞིན་ཁོང་མོས་ང་ཚོའི་སྤྱི་ཚོགས་མང་གཙོ་རེད། སྨྲ་བརྗོད་རང་དབང་རེད། ལས་ག་རེ་བྱེད་ན་རང་དབང་རེད་ཅེས་པ་ནི་མི་ཚང་མས་བཤད་ཀྱིན་ཡོད་པ་རེད། ཡིན་ནའང་། མང་གཙོའི་ཆ་རྐྱེན་གལ་ཆེ་ཤོས་དེ་ནི་འོས་ལྡུག་རྒྱུ་དེ་རེད། མི་སུ་ཡིན་རུང་གལ་སྲིད་འོས་ལྡུག་སྐབས་ཆ་ཤས་ལེན་ཐུབ་མེད་ན་ང་ཚོའི་མང་གཙོའི་ཐོབ་སྐལ་ཆད་པ་རེད། དེར་བརྟེན་བཀའ་བློན་ཁྲི་བ་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་ལྡུག་སྐབས་མི་མང་གིས་ངེས་པར་དུ་ཆ་ཤས་ལེན་དགོས་སྐོར་ནན་གྱིས་གསུངས་ཡོད། ཡང་ཁོང་གིས་ང་ནི་མི་ལ་ཤེས་བྱ་ཡོན་ཏན་ཡོད་ནའང་། ཕྱིའི་ཀུན་སྤྱོད་བཟང་བོ་ཞིག་མེད་དུས་མིའི་གྲལ་དུ་ཚུད་པར་ཡང་དཀའ་ངལ་ཆེན་པོ་ཡོད་པའི་ཚོར་སྣང་ཤུགས་ཆེར་ཡོད་མཁན་ཞིག་ཡིན་ལ། ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་ཚོར་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་ཙམ་མ་ཡིན་པར་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་ཆགས་པར་བརྩོན་རོགས་ཞེས་སོགས་གསུངས་ཡོད།
ཡིན་ནའང་། ཁོང་མོས་དེ་རིང་ངས་དུས་ཚོད་མང་བོ་ལེན་གི་མིན། ངས་དུས་ཚོད་གལ་ཆེ་བ་མི་མང་གི་བསམ་ཚུལ་ལ་ཉན་རྒྱུ་དེ་གལ་ཆེན་པོར་ཚོར་གྱིན་འདུག མི་མང་ཚང་མ་རང་རང་ས་ན་ལས་བྲེལ་ཡོད་སྟབས་དེ་རིང་འདི་ལྟར་འཛོམས་པར་དཀའ་ངལ་ཡོད་རྒྱུ་རེད་ལ། འདི་ལྟར་འཛོམས་ཐོག་འདིར་ངས་མི་མང་ལ་བསམ་ཚུལ་བཤད་པའི་གོ་སྐབས་མང་ཙམ་འབུལ་རྒྱུ་ཡིན་ཞེས་གསུང་བཤད་ཉུང་ངུ་ཞིག་ལས་གནང་མེད་པར་མི་མང་ལ་བསམ་ཚུལ་བརྗོད་པའི་གོ་སྐབས་ཕུལ་ཡོད་ལ། དེའི་རྗེས་ཆུ་ཚོད་ཕྱེད་ཀའི་རིང་མི་བཅུ་ལྷག་གྱིས་རང་གི་བསམ་ཚུལ་བཤད་པ་དང་དྲི་བ་དྲིས་ལན་སོགས་གནང་ཡོད།
སྤྱི་འཐུས་རྣམ་གཉིས་སྦེལ་ཀོབ་ཏུ་ཕེབས་ནས་ཉིན་གསུམ་ཕྱིན་རིང་གཞིས་གྲོང་ཁག་ཏུ་ཆེད་ཕེབས་ཀྱིས་མང་ཚོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་འདུག་ལ། ད་ཡར་ཤེས་རྟོགས་མ་བྱུང་བར་ལྷག་པའི་མང་ཚོགས་ཉམ་ཐག་རིགས་ཤིག་གི་གནས་སྟངས་ཤེས་རྟོགས་བྱུང་བ་རྣམས་གོང་རིམ་ཞུ་རྒྱུ་ཡིན་ཚུལ་ཁས་ལེན་གནང་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply to ཨ་མྱེ Cancel Reply

5 thoughts on “སྤྱི་འཐུས་གཉིས་ཀྱི་གཟིགས་སྐོར།

  1. འབྲོག་རུ་ཆོས་གྲགས།

    སྤྱིར་བཏང་ཡག་པོ་རེད།
    སྤྱི་མཐུས་རྣམ་ཡིན་ན་འདྲ།
    ལས་བྱེད་ཡིན་ནའང་འདྲ།
    ཐ་ན་མི་སུ་ཡིན་རུང་། བཤད་པ་ལས་སྒྲུབ་པ་གཙོ་བོར་འཛིན་དགོས་ཀྱི་འདུག
    སྤྱི་མཐུས་ཚོ་མི་མང་ནང་འགྲོ་རྒྱུ་མང་བོ་འདུག་སྟེ།
    མི་མང་ནང་དོན་དངོས་ཀྱི་ལས་ཀ་ཡག་པོ་བྱས་ཡོད་ས་གཅིག་གཉིས་རེད།