ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིས་ངྷ་སར་གཟིཊ་སྐོར་ཐོག་མ།

ཐེངས་འདིར་ང་ཚོ་ངྷ་རམ་ས་ལར་བཅར་བར་རྒྱ་ནག་གིས་གནོན་ཤུགས་སྤྲད་སོང་ལ། ཕྱིར་ལོག་སྐབས་ཀྱང་སྐྱོན་བརྗོད་བྱ་ངེས་ཡིན་མོད། དེ་ལ་ཧང་སང་རྒྱུ་གང་ཡང་ཡོད་པ་མ་རེད། ༧གོང་ས་ཏཱ་ལའི་བླ་མ་ལྟ་བུའི་དྲང་བདེན་དང་ཞི་བདེ་ལ་ཕྱག་ལས་གནང་མཁན་ཞིག་ལ་མཇལ་འཕྲད་གནང་བར་ངོ་རྒོལ་བྱས་ན། འཛམ་གླིང་གི་མི་སུ་གཅིག་གི་སྣང་བར་འགྲོ་གི་མ་རེད། འབྱུང་འགྱུར་སྤྱི་ཟླ་ ༡༡ པའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་སུ་ཕེབས་རྒྱུའི་ཐད། རྒྱ་ནག་གིས་གནོན་ཤུགས་ཡོད་ཡོད་པ་ཡིན་མོད། དེ་ནི་ང་ཚོའི་གྲོས་ཀྱི་གནད་དོན་ཞིག་ཡིན་སྟབས་རྒྱ་ནག་གི་རྣམ་འགྱུར་ལ་ཁ་ཡ་བྱ་དགོས་དོན་ཡོད་པ་མ་རེད།

 

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཨོ་སུ་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གི་སྐུ་ཚབ་འཐུས་མི་ ༦ བཞུགས་སྒར་ངྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་ཏེ། སྤྱི་ནོར་༧གོང་ས་མཆོག་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ། དཔལ་རྒྱལ་བ་ཀརྨ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་རྒྱུན་ལས་རྣམ་པ་བཅས་ལ་མཇལ་འཕྲད་ཞུས་ཡོད་འདུག་ལ། ངྷ་རམ་ས་ལ་ཁུལ་གྱི་སློབ་གྲྭ་དང་དགོན་པ། ཚོགས་པ་སྒྲིག་འཛུགས་ཁག རིག་གཞུང་བསྟི་གནས་ཁང་བཅས་སུ་གཟིགས་སྐོར་ཡང་གནང་ཡོད་འདུག ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོར་ཞུགས་ཏེ། ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་མའེ་ཁལ་ཌན་པེ་ལགས་ཀྱིས་གསུང་བཤད་ཀྱང་གནང་འཆར་ཡོད་པ་དང་། དེ་ནི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་བཙན་བྱོལ་བོད་མིའི་བསྟི་གནས་བཞིགས་སྒར་ངྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག

 

ཁོང་ཅག་གིས་༧གོང་ས་མཆོག་གི་དབུ་མའི་ལམ་ལ་སྐྱབས་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད་པ་དང་། འདས་པའི་ལོ་ངོ་ ༥༠ རིང་རྒྱ་ཕྱོགས་ནས་དོན་ཕན་བདེན་པའི་ཡ་ལན་མ་སྤྲད་པ་དང་། ལྷག་པར་དུ་སྔར་ལོ་བོད་ནང་དོན་རྐྱེན་བྱུང་བ་བཅས་ལ་སེམས་འཚབ་ཆེན་པོ་ཡོད་པ། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་གཞུང་ལ་སྤྲད་པའི་རང་སྐྱོང་སྐོར་གྱི་བསམ་འཆར་དེར་རྒྱ་ཕྱོགས་ནས་ངོས་ལེན་མ་བྱས་པ་བཅས་ལ་བློ་ཕམ་ཆེན་པོ་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ངོས་ནས་མུ་མཐུད་རང་སྐྱོང་གི་ཡིག་ཆ་དེའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་ཞུ་རྒྱུ་སྐོར་བཅས་བརྗོད་འདུག ཁ་སང་ཕྱི་ཚེས་ ༣ གྱི་ཉིན་རྒྱབ་ཆུ་ཚོད་ ༢ དང་ཕྱེད་ཀའི་ཐོག གངས་སྐྱིད་སྤྱི་ཐབ་ཐོག་ཁང་ནས་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཏེ། ཐོག་མར་དབྱིན་སྐད་ཐོག་ཐེངས་འདིར་ངྷ་རམ་ས་ལར་ཡོང་དོན་དང། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་སྐོར་ངོ་སྤྲོད་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་ལ། དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་སྐད་བསྒྱུར་འོག བོད་པའི་གསར་འགོད་པ་ཚོར་ཟུར་དུ་གསུང་བཤད་དང་དྲི་བར་ལན་འདེབས་གནང་སོང་།

 

སྐབས་དེར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་སྡེ་ཚན་གྱི་འགན་འཛིན་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་ཌན་པེ་ Michael Danby ལགས་ཀྱིས་གསུང་བཤད་གནང་དོན། ང་ལ་ཞུ་རྒྱུ་གཙོ་བོ་གཉིས་ཡོད། དང་པོ། ང་ཚོ་ཐེངས་འདིར་ངྷ་རམ་སལ་ལར་ཡོང་སྟེ། ༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་བྱུང་བ་མ་ཟད། ཁོང་དང་མཉམ་དུ་བོད་རྒྱ་འབྲེལ་མོལ་སྐོར་དང་། མ་འོངས་པའི་ཁོང་གི་ཡང་སྲིད་དང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་བཅས་ལ་བཀའ་མོལ་གནང་རྒྱུ་བྱུང་སོང་། ཁོང་གིས་དུས་ཚོད་འགྱུར་བ་ཕྱིན་ཚར་བ་རེད། སྔར་གྱི་ལམ་ལུགས་སྲོལ་དག་ལའང་འགྱུར་བ་གཏོང་དགོས་པ་རེད་གསུང་གིན་འདུག སྤྱིར་རྒྱ་ནག་ཆོས་མེད་རིང་ལུགས་སྲིད་གཞུང་ཞིག་གིས་བོད་པའི་བླ་སྤྲུལ་ངོས་འཛིན་བྱེད་སྟངས་ལ་ཐེ་ཇུས་བྱེད་པ་དེ་ནི། གཞི་རྩ་མེད་པའི་སྲིད་བྱུས་ཤིག་ཆགས་ཡོད་པ་རེད།

 

གཉིས་པ། ང་ཚོའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་གཙོ་བོ་བོད་པའི་ཆབ་སྲིད་ཐོག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དེ་བཞིན། བོད་པ་དང་ཨོ་སི་ཊོ་ལི་ཡའི་མི་དམངས་བར་གྱི་འབྲེལ་བ་དམ་ཟབ་དུ་གཏོང་རྒྱུ་དང་། བོད་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སོགས་ཨོ་སི་ཊོ་ལི་ཡའི་མི་དམངས་ལའང་གལ་ཆེན་ཆགས་ཀྱིན་ཡོད་སྟབས། དེ་དག་སྲུང་སྐྱོབ་ལའང་ང་ཚོར་ལས་འགན་ཡོད། སྔར་བོད་པའི་ཆབ་སྲིད་བཙོན་ཟུར་འགའ་རེ་ཕར་ལེན་གྱིན་ཡོད་པ་དེར་ཆབ་སྲིད་ཚོགས་པ་ཚང་མེ་མོས་མཐུན་བྱས་ཡོད། མ་འོངས་པར་ཡང་གྲངས་ཚད་ མང་དུ་གཏོང་ཨེ་ཐུབ་ལ་འབད་བརྩོན་ཞུ་རྒྱུ་ཡིན། ད་ལོ་སྤྱི་ཟླ་ ༡༡ བའི་ནང་ང་ཚོའི་གྲོས་ཚོགས་འཐུས་མི་ ༨ རྒྱ་ནག་པེ་ཅིན་དང་ཧྲང་ཧེ་ལ་བསྐྱོད་རྒྱུ་གཏན་འཁེལ་ཡོད།  ཞོར་དུ་བོད་ཀྱི་རྒྱལ་ས་ལྷ་སར་ཉིན་ ༢ རིང་གཟིགས་སྐོར་དུ་འགྲོ་རྒྱུར་ཆོག་མཆན་ཞུ་བཞིན་ཡོད། རྒྱ་ནག་གཞུང་ཚབ་ཀྱིས་རྒྱུན་པར་བོད་ནང་སུ་ཞིག་ལྟ་སྐོར་དུ་ཕེབས་ཀྱང་དགག་བྱ་མེད་པ་མ་ཟད། རྒྱ་ནག་གཞུང་གིས་དགའ་བསུ་ཞུ་བཞིན་ཡོད་ཚུལ་རྗོད་ཀྱིན་ཡོད་པ་དོན་ལ་གནས་ན། ཐེངས་འདིར་ང་ཚོར་ཆོག་མཆན་སྤྲོད་དགོས་པ་རེད། ཅེས་གསུངས་སོང་།

 

དེའི་རྗེས་ཨོ་སི་ཊོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་ཚོགས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་པེ་ཊར་སི་ལེབ་པེར་ Peter slipper ལགས་ཀྱིས་གསུང་བཤད་གནང་དོན། ཐེངས་འདིར་ཉིན་ཁ་ཤས་རིང་བཞུགས་ངྷ་རམ་ས་ལའི་བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་དང་། ཤེས་ཡོན་བསྟི་གནས་ཁག་བཅས་ལ་ལྟ་སྐོར་དུ་ཕྱིན་པའི་མྱོང་ཚོར་ཟབ་མོ་ཞིག་ནི། བཙན་བྱོལ་བོད་མིའི་ལས་གནས་གང་ཡིན་རུང་། སྒྲིག་འཛུགས་ཧ་ཅང་ཞིབ་ཚགས་དང་ཚད་ལྡན་ཆགས་ཡོད་པ་དེ་རེད། ནམ་ཞིག་ཕྱིར་བོད་དུ་ལོག་རྒྱུའི་གོ་སྐབས་བྱུང་ཚེ་གཞུང་འཛིན་ཆོག་ཆོག་ལྟ་བུ་རེད། དེ་ནི་སྐྱབས་བཅོལ་བ་ཞིག་གི་ངོས་ནས་ཧ་ཅང་གཟི་བརྗིད་ཆེན་པོ་རེད། ད་ལོའི་སྤྱི་ཟླ་ ༡༡ པའི་ཟླ་མཇུག་ལ་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་ཐེངས་མཐའ་མ་དེ་འཚོགས་འཆར་ཡོད། སྐབས་དེར་༧གོང་ས་ཏཱ་ལའི་བླ་མ་མཆོག་ང་ཚོའི་གྲོས་ཚོགས་སུ་ཕེབས་རྒྱུ་གཏན་འཁེལ་ཡོད། སྔར་ལོ་བོད་ནང་ཛ་དྲག་གི་གནས་ཚུལ་མ་བྱུང་གོང་ཙམ་ལ། ང་ཚོའི་གྲོས་ཚོགས་འཐུས་མི་ ༤༨ ཙམ་གྱི་མོས་མཐུན་དང་རྒྱབ་སྐྱོར་འོག ༧གོང་ས་ཏཱ་ལའི་བླ་མ་ཕར་ཕེབས་ཏེ། སྲིད་བློན་དང་ཕྱི་སྲིད་བློན་ཆེན་སོགས་ལ་མཇལ་འཕྲད་བྱུང་ཡོད། ང་ཚོའི་གྲོས་ཚོགས་གོང་མར་འཐུས་མི་ ༧༦ དང་། འོག་མར་འཐུས་མི་ ༡༤༩ ཡོད་ལ། ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་གཞུང་དམངས་གཉིས་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་སྟངས་ཡག་པོ་ཡོད། ཅེས་གསུངས་སོང་།

 

དེའི་རྗེས་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་ཚོགས་མི་དང་གྲོས་ཚོགས་འོག་མའི་ཚོགས་མི་ལྕམ་ས་རཱ་ཧན་སོན་ Sarah Hanson ལགས་ཀྱིས་གསུང་བཤད་གནང་དོན། སྔར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨོ་སི་ཊོ་ལི་ཡར་ཐེངས་མང་ཕེབས་ཏེ་གསུང་བཤད་གནང་བ་ཁག་ལ་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། ལྷག་པར་དུ་གཞོན་སྐྱེས་ཚོར་དོ་སྣང་ཆེན་པོ་སླེབས་ཡོད། ང་རང་ལ་མཚོན་ན་སྔོན་མ་ནས་བོད་པའི་སྐོར་གང་འཚམ་ཤེས་ཀྱིན་ཡོད་མོད། ཐེངས་འདིར་བོད་པའི་སྤྱི་ཚོགས་ནང་དངོས་སུ་བཅར་ཏེ། བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། བྱིས་པ་ཚོར་སློབ་སྦྱོང་སྤྲོད་སྟངས། སྒྲིག་འཛུགས་སྲ་བརྟན་བཟོ་ཕྱོགས་བཅས་ཀྱིས་ང་ཚོར་སྔར་ལས་ལྷག་པའི་སེམས་ཤུགས་འཕར་སོང་། ཐེངས་འདིར་ང་ཚོ་ངྷ་རམ་ས་ལར་བཅར་བར་རྒྱ་ནག་གིས་གནོན་ཤུགས་སྤྲད་སོང་མོད། དེ་ལ་ཧང་སང་རྒྱུ་གང་ཡང་ཡོད་པ་མ་རེད། ༧གོང་ས་ཏཱ་ལའི་བླ་མ་ལྟ་བུའི་དྲང་བདེན་དང་ཞི་བདེ་ལ་ཕྱག་ལས་གནང་མཁན་ཞིག་ལ་མཇལ་འཕྲད་གནང་བར་ངོ་རྒོལ་བྱས་ན། འཛམ་གླིང་གི་མི་སུ་གཅིག་གི་སྣང་བར་ཡང་འགྲོ་གི་མ་རེད། དེ་བཞིན། འབྱུང་འགྱུར་སྤྱི་ཟླ་ ༡༢ པའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་སུ་ཕེབས་རྒྱུའི་ཐད། རྒྱ་ནག་གིས་གནོན་ཤུགས་ཡོད་ཡོད་པ་ཡིན་མོད། དེ་ནི་ང་ཚོའི་གྲོས་ཀྱི་གནད་དོན་ཞིག་ཡིན་སྟབས། རྒྱ་ནག་གི་རྣམ་འགྱུར་ལ་ཁ་ཡ་བྱ་དགོས་དོན་ཡོད་པ་མ་རེད། ཅེས་གསུངས་སོང་།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིས་ངྷ་སར་གཟིཊ་སྐོར་ཐོག་མ།

  1. ༊༝༞༊གནམ་གྱི་བུ།

    རྒྱལ་ཁབ་མང་པོའི་གྲོས་ཚོགས་འཐུས་མི་ཚོས་འདི་ལྟར་བོད་ཀྱི་ཆབ་སྲིད་ཐོག་རྒྱབ་སྐྱོར་ཡོད་ལུགས་དང། རྒྱ་ནག་ལ་ཁ་ཡ་བྱེད་དགོས་དོན་མེད་ལུགས་སོགས་སྙན་པོ་དང་བཙན་པོ་ཤོད་ཀྱི་ཡོད་ཀྱང། སྲིད་འཛིན་སྲིད་བློན་སོགས་གཞུང་སོ་སོའི་འགན་འཛིན་མི་སྣ་ཚོས་འདི་འདྲ་ཤོད་ཐུབ་ཀྱི་མེད་པས། གྲོས་ཚོགས་འཐུས་མི་ཚོའི་འཐུས་མི་ཚོའི་སྐད་ཆ་འདི་རིགས་སྲིད་བློན་སོགས་ཀྱི་སྐད་ཆར་འགྱུར་བ་ལ་ད་དུང་དུས་ཡུན་གང་འཚམས་འགོར་ངེས་རེད།

  2. བློ་གྲོས་རྒྱལ་པོ།

    དུས་བབ་ཀྱིས་གནས་ཚུལ་དང་པར་རིགས་དུས་ཐོག་སྤེལ་བ་ཐུགས་རྗེ་ཆེ།
    བདེན་པའི་སྟོབས་ཤུགས་ཟེར་ན་མི་འདུག གོང་ས་མཆོག་གི་གཟི་བྱིན་ཟེར་ན་མི་འདུག ངོ་མ་དགའ་སྤོབས་སྐྱེ་འོས་པ་ཞིག་རེད།

  3. བོད། ཤ་ཁྲག་རུས་གསུམ།

    བདེན་པ་ནི་མིའི་རེིགས་ཀྱི་སེམས་དང་བསམ་པའི་སྙིང་བཅུད་དུ་གྱུར་ཡོད་པ་ཡིན་དུས། དེ་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་ཡང་མིའི་རིགས་ཡིན་ན་ལོས་ཆོག དེ་ལ་མིའི་རིགས་ཀྱི་ས་མཚམས་མེད་པ་ཞིག་བྱུང་ན་དངོས་ནས་ཡག་པོ་འདུག