ཉི་མ་ ༡༠༠ སྣོན་ཐུབ་བམ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༡༥༣ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བཀའ་ཁྲི་འོས་བསྡུ་དང་འོས་བསྡུའི་སྒྲིག་གཞི་གླེང་བ།

བོད་མི་མང་པོ་ཞིག་གིས་སྐབས་རྗེས་མའི་བཀའ་ཁྲིའི་འོས་འདེམས་ཕྱོགས་ལ་བགྲོ་གླེང་གནང་བཞིན་འདུག ལས་འགུལ་ཡང་རྩོམ་གྱིན་འདུག འོན་ཀྱང་། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལྟར་ན། འདི་ནི་ལོ་རེ་ཟུང་རྗེས་ཀྱི་དོན་གནད་ཅིག་ཡིན་སྟབས། ལས་འགུལ་དེ་དག་ལ་ནུས་པ་འཐོན་གྱི་མི་འདུག་པ་མ་ཟད། ལྷོད་གཡེང་གི་སྣང་བ་ཞིག་འདུག ད་ནི་ང་ཚོས་བཀའ་ཁྲི་རྗེས་མ་དེ་མ་ནོར་མ་འཁྲུལ་བ་ཞིག་བརྙེད་ཆེད་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་ཞིག་གཏོང་དགོས་པར་འདོད།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལྟར་ན། འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱས་ཉིན་ནས་མང་མཐའ་ཉིན་གྲངས་ ༡༣༠ ནང་ཚུད་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་ཡོངས་རྫོགས་ཚར་བ་བྱ་དགོས། ཞེས་གསལ་ཡོད། འདིའི་གོ་དོན་ནི་འོས་བསྡུའི་སྒྲིག་གཞི་ལྟར་ན། ཉིན་ ༡༣༠ རིང་ལ་ང་ཚོས་རང་རང་གི་འོས་གཞི་བརྙེད་པས་མི་ཚད། རིམ་པ་བཞིན་དེ་དག་གི་ལངས་ཕྱོགས་དང་སྲིད་བྱུས། ཁོ་ཚོས་བཀའ་ཁྲིའི་ལས་རྒྱུན་རིང་མི་དམངས་ལ་ཁག་འཁུར་དང་བོད་དོན་འཐབ་རྩོད་ཀྱི་ལས་རིམ་བཅས་གོ་རིམ་ཡོད་པ་དང་། ཡོངས་ཁྱབ་ཀྱིས་གོ་ཐུབ་པ་ཞིག་བཟོ་དགོས་པ་མ་ཟད། དེའི་རྗེས་ནས་ཁོང་ཚོར་རང་རང་གི་ལངས་ཕྱོགས་ཐོག་ནས་བགྲོ་གླེང་གི་རིམ་པའང་འཐུས་ཚང་ཞིག་བརྒྱུད་དགོས་ལ། གསར་འགོད་བརྒྱུད་ལམ་དང་མང་ཚོགས་ཀྱི་དོགས་གཅོད་ཀྱང་ཡོད་འོས། ལས་རིམ་འདི་དག་ཚར་བའི་རྗེས་ལ་གཞི་ནས་སྔོན་འགྲོའི་འོས་བསྡུ་གནང་དགོས་ལ། སྔོན་འགྲོའི་འོས་ཁོངས་ནས་མང་མཐའ་འོས་མི་དྲུག་གི་མཚན་ཐོ་བསྒྲགས་ནས་སླར་ཡང་དངོས་གཞིའི་འོས་བསྡུ་བྱ་དགོས། གལ་སྲིད་མཐའ་མར་མི་གཉིས་ཀྱི་འོས་གྲངས་འདྲ་མཚུངས་ཡིན་ན་སླར་ཡང་ཁོང་གཉིས་ལ་འོས་བསྡུ་འཕར་མ་བྱ་དགོས་ཀྱི་ཡོད། འདི་ལྟར་ལས་རིམ་མང་པོ་ཞིག་ཡོང་སྲིད་པས། ལས་རིམ་ཅི་ཙམ་མང་རུང་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ལས་ཀ་མཐའ་དག་སྒྲུབ་ཚར་དགོས་པའི་དོན་ཡིན། དེར་བརྟེན་ང་ཚོས་འོས་མི་འཁྲུལ་མེད་ཅིག་འདེམས་ཐུབ་མིན་བཤད་དཀའ་ལ། ལྷག་པར་དུ་འོས་གཞི་དེ་མི་དམངས་ལ་ངོ་འཕྲོད་པ་དང་། མི་དམངས་ཀྱིས་རང་རང་གི་འོས་གཞི་ངོ་མ་དེའི་མཉམ་དུ་སྦྱང་བཤད་ཀྱིས་ངེས་ཤེས་བརྙེད་པའི་ཐོག་ནས་འོས་འཕེན་པ་དང་། བཀའ་ཤག་དེའང་དོན་དང་མཐུན་པའི་མི་དམངས་ཀྱིས་བདམས་པའི་མི་དམངས་ཀྱི་གཞུང་ཞིག་ཆགས་དགོས་ན་ང་ཚོར་འོས་བསྡུའི་ལས་རིམ་གྱི་དུས་ཚོད་ཀྱང་འདེང་ངེས་ཤིག་ཡོད་ན་དགེ་མཚན་ཆེ་བར་འདོད།

ལྷག་པར་དུ། ང་ཚོར་དུས་ཚོད་རིང་པོ་ཞིག་དགོས་དོན་ནི་བོད་གཞིས་བྱེས་གཉིས་ཀྱི་མང་ཚོགས་ཀྱི་བཀའ་ལུང་འཐོབ་ཆེད་ཡིན་ལ། བོད་ཕྱི་ཕྱོགས་ནས་ཀྱང་རྒྱ་གར་ལྷོ་བྱང་གཉིས་གཙོ་བྱས་པའི་གཞིས་སྒར་ཆེ་ཁག་ཏུ་བཀའ་ཁྲིའི་འོས་མི་འདི་དག་གིས་གཟིགས་སྐོར་གྱིས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་། འོས་རྩོད་ཀྱི་ལས་འགུལ་སྤེལ་རྒྱུ། དེ་བཞིན་བལ་ཡུལ་དང་། བྱང་ཨ་རི། ཡུ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་རིགས་རྣམས་ཀྱིས་ཀྱང་ང་ཚོའི་མ་འོངས་པའི་བཀའ་ཁྲིའི་འོས་འདེམས་ཁྲོད་དངོས་སུ་ཆ་ཤས་ལེན་པ་དང་། མ་འོངས་པར་བཙན་བྱོལ་བོད་གཞུང་གི་ལས་དོན་དང་བོད་དོན་འཐབ་རྩོད་ཀྱི་བྱ་བཞག་ཁྲོད་ཁུར་མཉམ་ལེན་བྱེད་ཐུབ་པ་བཅས་ཀྱི་ཆེད་དུའང་ཡིན་སྟབས། ང་ཚོས་མ་མཐར་ཡང་ཉིན་ ༡༣༠ དེའི་སྟེང་ལ་ཉིན་གྲངས་ ༡༠༠ བསྣན་ཏེ། འོས་བསྡུའི་གསལ་བསྒྲགས་བསྐྱངས་རྗེས་ཀྱི་ཉིན་ ༢༦༠ ནང་ཚུད་དུ་འོས་བསྡུའི་ལས་རིམ་མཐའ་དག་ཚར་དགོས་པ་ཞིག་ལ་བསྐྱར་བཅོས་བྱས་ན་དགེ་མཚན་ཆེ་བར་འདོད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ཉི་མ་ ༡༠༠ སྣོན་ཐུབ་བམ། རྩོམ་སྒྲིག་པས།