དོན་གྲུབ་དབང་ཆེན་ལ་ཁྲིམས་བཤེར་བྱེད་པའི་དུས་ཚོད་ལ་ཉེ་སྐབས་འདིར། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་ཡོང་ཐབས་སུ་ཞུ་ཡིག་གི་ལས་འགུལ་ཞིག་སྤེལ་མགོ་བཙུགས་ཡོད་པ་རེད།
ཕྱི་ཚེས་ ༡༩ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་དོན་གྲུབ་དབང་ཆེན་ལ་དྲང་བདེན་གྱི་ཁྲིམས་བཤེར་ཡོང་ཐབས་སུ་ཞུ་ཡིག་གི་ལས་འགུལ་ཞིག་སྤེལ་ཡོད་མགོ་བཙུགས་ཤིང་། དྲང་བདེན་ལ་དགའ་བའི་འགྲོ་བ་མི་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོར་བྱ་ཆེད་དུ་ཞུ་ཡིག་གི་ལས་འགུལ་འདིའི་ནང་མཉམ་ཞུགས་བྱ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་། ཞུ་ཡིག་དེ་དག་རྒྱ་ནག་གི་འབྲེལ་ཡོད་མགོ་ཁྲིད་རྣམས་ལ་འཕྲོད་ཐབས་བྱ་རྒྱུ་ཡིན་ཟེར།
ད་ལྟའི་བར་དུ་དོན་གྲུབ་དབང་ཆེན་གྱིས་བཟོས་པའི་འཇིགས་བྲལ་གློག་བརྙན་དེ་རྒྱལ་ཁབ་ ༣༠ ལྷག་གི་ནང་དུ་བསྟན་ཡོད་པ་དང་། སྐད་ཡིག་མང་པོའི་ནང་དུ་བསྒྱུར་ཡོད་འདུག
ད་ལྟ་ཁོང་གི་འཕྲོད་བསྟེན་ནི་ཛ་དྲག་གི་གནས་སུ་གྱུར་ཡོད། རྒྱ་ནག་གི་བཙོན་ཁང་ཁག་གི་ནང་དུ་མནར་གཅོད་དང་བརྙས་བཅོས་བྱེད་པ་ནི་ཡོངས་གྲགས་ཀྱི་གནས་ཚུལ་ཡིན་ལ། ཁོང་ལ་སྨན་བཅོས་ཚད་ལྡན་བྱ་བཅུག་མེད་པ་རེད། དེ་བས་ཀྱང་། ཉེ་ཆར་པེ་ཅིན་ནས་ཁོང་གི་ཁྲིམས་རྩོད་པ་ཞིག་ཞུས་པ་དེ་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་པར་ཕྱིར་པེ་ཅིན་དུ་མངགས་ཡོད་སྟབས། ང་ཚོའི་སེམས་ཁྲལ་དང་དངངས་སྐྲག་ཆེ་ཤོས་ནི་ཁོང་ལ་བསམ་ཡུལ་ལས་འདས་པའི་ཁྲིམས་ཐག་ལྗིད་མོ་གཅོད་རྒྱུའི་ཉེན་ཁ་འདུག་ཅེས་བརྗོད་ཡོད་པ་རེད།
བོད་དོན་ལས་འགུལ་བ་དབང་པོ་བཀྲས་མཐོང་ལགས་ཀྱིས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ། ཐེངས་འདིར་དོན་གྲུབ་དབང་ཆེན་ལ་རྒྱབ་སྐྱོར་གནང་ཆེད་དུ་ཅི་དགའ་གང་དྲག་གི་དགོངས་ཚུལ་མང་དུ་འདོན་རྒྱུ་དང་། ཁོང་ལ་དེང་སྐབས་ང་ཚོའི་རྒྱབ་སྐྱོར་ཧ་ཅང་དགོས་གལ་ཆགས་ཡོད་པ་རེད་ཅེས་འབོད་སྐུལ་ཞུས་ཡོད་པ་རེད།