བོད་མི་མི་ཉུང་བ་ཞིག་གིས་ང་ཚོའི་ད་ལྟའི་ཛ་དྲག་གི་དུས་སྐབས་དང་གནས་སྟངས་སེམས་ཀྱིས་མ་བཟོད་པར། ཕྱིར་བོད་དུ་སོང་སྟེ་མི་རིགས་འདིའི་བདེ་དོན་དང་མ་འོངས་གཅིག་གྱུར་ཆེད་གཅེས་པའི་ལུས་སྲོག་བློས་གཏོང་བྱས་ཡོད་ལ། བཙོན་འཇུག་མནར་གཅོད་མྱངས་དང་མྱོང་བཞིན་པའང་གྲངས་ཀྱིས་མི་ལང་བ་ཞིག་ཡོད་པ་ལྟར། མི་ལོ་གསུམ་རིང་བཙོན་ཁང་དུ་མནར་གཅོད་མྱངས་པའི་ལྷ་མོ་སྐྱབས་ཀྱང་གཅིག་མཚུངས་ཡིན་ལ། བོད་མིའི་ཆབ་སྲིད་བཙོན་པ་སྒྲོལ་མ་སྐྱབས་སོགས་ཀྱིས་མུ་མཐུད་སྡུག་སྦྱོང་མནར་གཅོད་མྱོང་གིན་ཡོད་པ་རེད་ཟེར།
ཕྱི་ཚེས་ ༡༥ ཉིན་འདི་གའི་གསར་འགོད་པས་འདི་ལོའི་སྤྱི་ཟླ་ ༥ བའི་ཚེས་ ༡༢ ཉིན་ལྷ་སའི་ཆུ་ཤུར་བཙོན་ཁང་ནས་གློད་གྲོལ་ཐོབ་སྟེ་ཕྱིར་ངྷ་སར་འབྱོར་ཡོད་པའི་ཆབ་སྲིད་བཙོན་པ་ལྷ་མོ་སྐྱབས་ལགས་སུ་ཁོང་ཉིད་ཀྱི་འདས་པའི་ལོ་རྒྱུས་དང་བཙོན་འཇུག་བྱས་པའི་བརྒྱུད་རིམ་ཐད་གླེང་མོལ་བྱས་སྐབས། ཁོང་གིས་རང་ཉིད་ངོ་སྤྲོད་དང་འབྲེལ་བརྗོད་དོན། ང་རང་ཀན་ལྷོ་རྨ་ཆུ་རྫོང་ཆུ་ཁ་མ་ཞང་གི་འབྲོག་སྡེ་ཞིག་ཏུ་སྐྱེས་ཤིང་ཆུང་དུས་སློབ་སྦྱོང་གི་གོ་སྐབས་ཐོབ་མེད། ཡིན་ཡང་ ༢༠༠༣ ལོའི་ཟླ་ ༡ པོའི་ནང་༧གོང་ས་མཆོག་དང་ཡུན་རིང་བྲལ་བའི་རང་གི་གཉེན་ལ་ཐུག་འཕྲད་བྱ་ཆེད། བོད་མི་སྤྱི་མཚུངས་ལྟར་བཙན་བྱོོལ་དུ་འབྱོར་ཞིང་། ༧གོང་ས་མཆོག་དང་གཉེན་ཉེ་ཐུག་འཕྲད་ཀྱི་རེ་བ་འགྲུབ་རྗེས་ལོ་གཅིག་ལྷག་ལ་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་བྱུང་། སྐབས་དེའི་དགེ་སློབ་རྒྱལ་ཞེན་ཅན་དག་གི་བཀའ་དྲིན་ལ་བརྟེན་ནས་ང་ལ་སྔར་མེད་ཀྱི་བསམ་བློའི་གོ་རྟོགས་དང་རྒྱལ་ཞེན་ལྷག་བསམ་གྱི་རྨང་གཞི་བརྟན་པོ་ཞིག་བཞག་སོང་ལ། ༧གོང་ས་མཆོག་གི་བཀའ་སློབ་རིམ་པར་གསན་བསམ་སློབ་གཉེར་བྱས་པ་དང་། ལྷག་པར་དུ་ ༢༠༠༦ ལོའི་དུས་འཁོར་དབང་ཆེན་སྐབས་༧གོང་ས་མཆོག་གིས། བོད་མི་རིགས་ཀྱི་རྩ་དོན་འདི་སྤྱིར་སངས་རྒྱས་ཀྱི་བསྟན་དོན་སེམས་ཅན་གྱི་བདེ་དོན་ཡིན་སྟབས། མགོ་རྒྱལ་བ་རིན་པོ་ཆེ་གཅིག་པུ་མ་ཡིན་པར་བོད་པ་མི་རེ་ངོ་རེ་ལ་འགན་འཁྲི་ངེས་པར་ཡོད་དགོས་པ་མ་ཟད་འགན་ལེན་དགོས་ཞེས་བཀའ་སློབ་གནང་བས་ང་ལ་སྔར་མེད་ཀྱི་ཚོར་བ་ཟབ་མོ་ཞིག་སྐྱེས་ཤིང་། ངའི་ཕ་ཡུལ་གྱི་ཡུལ་མི་ཚོས་སྤུན་ཟླ་ནང་ཁུལ་རྩྭ་ས་རྩོད་གླེང་སོགས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་རིམ་པར་བྱུང་བ་དེ་དག་སེམས་སུ་དྲན་ཏེ། ད་ནི་རང་ཁ་སོས་ཙམ་གྱི་ཆོག་ཤེས་མི་བརྟེན་པར་རང་གི་ནུས་ཚོད་ཀྱིས་མི་རིགས་ལ་ཕན་པའི་དོན་ཞིག་སྒྲུབ་དགོས་བསམ་སྟེ། ༢༠༠༦ ལོའི་ཟླ་ ༣ པའི་ཟླ་མཇུག་ཏུ་རང་གི་སྲོག་འབུལ་དགོས་ཀྱང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་བསྒྲེངས་འཛུགས་བྱ་རྒྱུའི་འགྱུར་མེད་ཀྱི་ཆོད་སེམས་སྙིང་ལ་བཅངས་ནས་ཕྱིར་བོད་ནང་ལོག་པ་ཡིན། ངའི་དམིགས་ཡུལ་གཙོ་བོ་ནི། རྒྱལ་དར་དེ་མཛོད་དགེ་རྫོང་ཐང་སྐོར་ཞང་སྲིད་གཞུང་ནང་སྒྲེངས་འཛུགས་བྱས་ཏེ་ས་གནས་བོད་མི་རྣམས་ཀྱི་མི་རིགས་ཀྱི་བདེན་དོན་དང་། ལ་ཞེན། སེམས་ཤུགས་སྤར་འདོད་པའི་ཀུན་སློང་སྐྱེས་སུ་འཇུག་རྒྱུ་དེ་ཡིན། འཆར་གཞི་འདི་མགོ་འཛུགས་ཀྱི་དུས་ནས་ངས་རང་ཉིད་ཕྱིར་ཡོང་གི་ལམ་ཁ་མེད་པ་ཤེས་སྟབས། བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་མགོན་པོ་དོན་འགྲུབ་ལ་འབྲེལ་བ་བྱས་ཏེ། ངས་རྒྱལ་དར་སྒྲེངས་འཛུགས་ལེགས་འགྲུབ་བྱུང་ཚེ་ཁོང་ལ་ཁ་པར་གྱི་ལམ་ནས་འབྲེལ་བ་བྱས་རྗེས་ཨ་རིའི་རླུང་འཕྲིན་སོགས་སུ་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུའི་འཆར་གཞི་ཡོད། ཡིན་ནའང་། ངའི་རྗེས་སུ་གསང་མི་སླང་ལ་འབུད་རྒྱུ་ཇེ་གསལ་དུ་ཕྱིན་མཐར་ཕ་ཡུལ་ནས་ཕྱིར་ཀན་སུའུ་དང་ལྷ་སར་མི་ལོག་ཀ་མེད་བྱུང་ཞིང་། ངས་སྲོག་འབུལ་དགོས་ཀྱང་ལས་དོན་འདི་སྒྲུབ་པའི་དམ་བཅའ་སྔར་ནས་བཞག་ཡོད་སྟབས། ལྷ་ས་ནས་རྒྱལ་དར་སྒྲེངས་འཛུགས་ཀྱི་འཆར་གཞི་བཀོད་པ་དང་མགོན་པོ་དོན་འགྲུབ་ལ་འབྲེལ་བ་བྱས་ཏེ་དུས་ཚོད་དང་འཆར་གཞི་ཡོངས་སུ་འགྲུབ་ཟིན་ཀྱང་ཉིན་གྲངས་ཁ་ཤས་རིང་འགོར་འགྱངས་ཕྱིན་རྐྱེན། བསམ་ཡུལ་འདས་པ་ཞིག་ལ་ ༢༠༠༦ ལོའི་ཟླ་ ༥ བའི་ཚེས་ ༡༣ གྱི་ཉིན་གུང་ཆུ་ཚོད་ ༡ ཡས་མས་སུ་ང་ལྷ་ས་གྲོང་ཁྱེར་སྐྱི་རུ་ས་གནས་རུ་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཏེ། སེ་ར་དགོན་པའི་གཡོན་རིའི་འདབས་ཀྱི་བཀག་ཉར་ཁང་ཞིག་ནས་མནར་གཅོད་ཚད་མེད་བཏང་སྟེ་འདྲི་བརྩད་བྱས་ཤིང་། སྐབས་དེར་ངའི་གནས་ཚུལ་དང་འགུལ་སྐྱོད་ཆ་ཚང་ཁོང་ཚོས་ང་ལ་ཚུར་བཤད་འོང་གི་འདུག་ལ་། མནར་གཅོད་ཚད་མེད་བཏང་མཐར་ངས་ཁས་ལེན་བྱས་པ་ཡིན། རྒྱ་མིས་མནར་གཅོད་གང་འདྲ་བཏང་ཡང་བཟོད་བསྲན་དང་ད་དུང་མུ་མཐུད་རྡུང་རྡེག་མྱོང་བཞིན་འདུག་དགོས་པ་ནི། མི་རིགས་འདིའི་བདེ་སྡུག་གི་ཆེད་ཁྲིམས་གཅོད་མྱོང་བཞིན་པའི་བཙོན་མ་ཀུན་གྱིས་མྱོང་དགོས་པའི་ལས་དབང་ལྟ་བུ་ཞིག་རེད་ལ། ༢༠༠༧ ལོའི་ཟླ་ ༣ པའི་ཚེས་ ༢༩ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཆབ་སྲིད་དྲིལ་བསྒྲགས་པའི་ཉེས་མིང་འོག་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་དང་། ལོ་གཉིས་ཀྱི་ཆབ་སྲིད་དབང་ཆ་བླངས་བའི་དཔང་ཡིག་དང་གཏན་འབེབས་ཁྱབ་བསྒྲགས་བྱས་རྗེས་ཆུ་ཤུར་བཙོན་ཁང་དུ་ལོ་གསུམ་རིང་བཙོན་འཇུག་བྱས་པ་རེད། ཅེས་བརྗོད་བྱུང་།
ཡང་ཁོང་གིས། བཙོན་ཁང་གི་གནས་ཚུལ་དང་བོད་པའི་ཆབ་སྲིད་བཙོན་པ་དེ་དག་གི་གནས་སྟངས་ཐད་བརྗོད་དོན། ཆུ་ཤུར་བཙོན་ཁང་ནི་རྒྱ་གཞུང་གི་ཆབ་སྲིད་བཙོན་པ་གཙོས་དཔལ་འབྱོར་ཉེས་ཅན་པ་རྣམས་བཙོན་འཇུག་བྱེད་ས་གཙོ་བོ་ཞིག་རེད། དེར་བཙོན་ཁུལ་བཞི་དང་བཙོན་ཁུལ་རེ་རེ་ལ་ཡན་ལག་མང་པོ་འདུག བདུན་ཕྲག་རེའི་ནང་ཆབ་སྲིད་བཙོན་པ་རྣམས་ལ་ཆབ་སྲིད་སློབ་གསོ་ཟེར་བ་སྤྲོད་ཀྱིན་འདུག་ལ། གཙོ་བོ་༧གོང་ས་མཆོག་ལ་མཚན་སྨོད་དང་བཙན་བྱོལ་བོད་གཞུང་ལ་སྐྱོན་འཛུགས་དང་དགག་པ་བྱེད་དགོས་པ་དང་། དེའི་རྗེས་བདུན་ཕྲག་རེའི་ཆབ་སྲིད་ངོས་ཟིན་སྙན་ཞུ་འབྲི་དགོས་ཀྱིན་འདུག ཆུ་ཤུར་བཙོན་ཁང་དུ་བོད་ཆོལ་གསུམ་གྱི་ཆབ་སྲིད་བཙོན་པ་མང་པོ་འདུག་ལ། དེའི་ཁྲོད་བསང་ཆུ་རྫོང་ནས་ཡིན་པའི་ཚེ་རིང་དབང་ཕྱུགས་དང་བཀྲ་ཤིས་དོན་འགྲུབ། ཚེ་བརྟན་ནོར་བུ་སོགས་མང་པོར་ཐུག་འཕྲད་བྱུང་སོང་ལ། སྟབས་ཡག་པ་ཞིག་ལ་ང་སྐད་གྲགས་ཅན་གྱི་རྩོམ་པ་པོ་དང་ཆབ་སྲིད་བཙོན་པ་སྒྲོལ་མ་སྐྱབས་དང་མཚན་གཉིས་རིང་མཉམ་སྡོད་ཀྱི་གོ་སྐབས་ཐོབ། ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་རེད། ཡིན་ནའང་། ཁོང་གིས་ང་ལ་ཡིད་སྐྱོ་ཞིང་སེམས་སྡུག་པའི་གནས་ཚུལ་མང་པོ་ཞིག་བརྗོད་བྱུང་། དེ་ནི་ཁོང་ཉིད་བཙན་བྱོལ་དུ་སླེབས་པའི་ལོ་ཟླ་དེ་དག་ཏུ་བཙན་བྱོལ་བོད་གཞུང་གིས་ཁོང་ཉིད་གསང་ཉུལ་བ་ཞིག་ཏུ་ངོས་འཛིན་གྱིས་ལྟ་རྟོག་བྱས་པ་དང་། ཁོང་ལ་དཀའ་ངལ་དང་གནོན་ཤུགས་གང་མང་སྤྲད་སོང་བའི་བློ་ཕམ་ཡོད་ཚུལ་བརྗོད་བྱུང་། ཡིན་ནའང། ཁོང་གིས་མི་རིགས་ལ་བཅངས་བའི་བརྩེ་བ་དང་སེམས་ཤུགས་འདི་ལྟ་བུ་ཞིག་འདུག་ཅེས་བརྗོད་དཀའ་ནའང། ཁོང་གི་སྤོབས་པ་དང་སྙིང་སྟོབས་ཧ་ལས་བ་ཞིག་རེད། བཙོན་ཁང་དུའང་ནམ་རྒྱུན་སློབ་སྦྱོང་བྱེད་བཞིན་ཡོད་འདུག མཚན་གཉིས་ཀྱི་རྗེས་སུ་ངེད་གཉིས་ཁ་ཁར་གྱེས་སོང་བས་མཉམ་སྡོད་ཀྱི་གོ་སྐབས་མི་འདུག དེ་མིན་ཆབ་སྲིད་བཙོན་པ་བླ་བྲང་འཇིགས་མེད་རྒྱ་མཚོ་ངེད་གཉིས་ཁྱིམ་མཚེས་ཡིན། ལོ་རྒན་པ་ཡིན་པ་མ་ཟད་ནད་ཀྱིས་བཟུང་ཡོད་པས་འགྲོ་འདུག་ལ་དཀའ་ངལ་འཕྲད་ཀྱིན་འདུག ནག་ཆུ་ནས་ཡིན་པའི་རྒན་པོ་ཚེ་རིང་ལྷ་རྒོད་དང་ཁོང་ཚོ་ཁག་ཅིག་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་རེད་ལ། ད་ལྟའི་ཆར་བཙོན་ཁང་ནང་བོད་མིའི་ཆབ་སྲིད་བཙོན་པ་ ༢༠ ལྷག་ཅིག་འདུག་ལ། ང་ཚོའི་དཀའ་ངལ་ཆེ་ཤོས་ནི་ཕན་ཚུན་ཐུག་འཕྲད་དང་ཁ་བརྡ་བྱེད་མི་ཆོག་པ་དེ་རེད་ཟེར།
ཐ་མར་ཁོང་གིས་འབོད་སྐུལ་གྱི་ཚུལ་དུ་བརྗོད་དོན། ང་རང་ལ་མཚོན་ན་མི་ལོ་གསུམ་རིང་བཙོན་འཇུག་བྱས་པ་དང་། བཙོན་གྲོལ་ཐོབ་རྗེས་ཀྱང་ད་དུང་མུ་མཐུད་སུན་གཙེར་བཟོས་མཐར་ཕྱིར་བཙན་བྱོལ་དུ་འབྱོར་བ་རེད། ཡིན་ཡང། མི་རིགས་འདིའི་དོན་དུ་ད་དུང་ལས་དོན་སྒྲུབ་པའི་སྤོབས་པ་དང་སེམས་ཤུགས་ཡོད། ང་ལ་རེ་བ་ཞིག་ཡོད་པ་ནི། བཙན་བྱོལ་བོད་གཞུང་ནས་ཀྱང་བོད་ནང་བཙོན་འཇུག་དང་མནར་གཅོད་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་དེ་དག་ལ་མཐུན་རྐྱེན་དང་རོགས་རམ་ཞིག་གནང་ཐུབ་ན་ཡག་པོ་རེད། ཅེས་བརྗོད་བྱུང།