༢༠༠༩ ལོའི་ཨ་རིའི་རྒྱལ་ཡོངས་རང་དབང་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་གཏན་འཁེལ་ཡོད་པ་རེད།
འཆར་ཟླའི་ཚེས་ ༢༣ ཉིན་ཨ་རིའི་རྒྱལ་ཡོངས་དངོས་མང་བཤམས་སྟོན་ཁང་གི་གོ་སྒྲིག་འོག ༢༠༠༩ ལོའི་ཨ་རིའི་རྒྱལ་ཡོངས་རང་དབང་གཟེངས་རྟགས་དེ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་འབུལ་གཏན་འཁེལ་ཡོད་པ་དང་། དེ་ནི་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་བར་གྱི་མཐུན་སྒྲིལ་ཐད་མཛད་འཕྲིན་བླ་མེད་བསྐྱངས་པ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་པ་བདག་ཉིད་ཆེན་མོ་གྷན་ངྷི་དང་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་ Dr. Martin Luther King སོགས་སྐྱེས་ཆེན་དམ་པ་དག་གི་མཛད་འཕྲིན་གྱི་རྗེས་སུ་འབྲངས་ཏེ། འཛམ་གླིང་ནང་ཞི་བའི་ལམ་ནས་བོད་མིའི་རང་དབང་གི་སྣེ་ཁྲིད་བྱས་སྟབས། ཁོང་ཉིད་ཀྱི་མཛད་འཕྲིན་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་བྱ་ཆེད་ ༢༠༠༩ ལོའི་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་གནང་རྒྱུ་གཏན་འཁེལ་ཡོད་འདུག འདིའི་ཐད་ཨ་རིའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་དངོས་མང་བཤམས་སྟོན་ཁང་གི་འགན་འཛིན་སྤེན་རྗེན་ཧོལ་ཁི་ Benjamin Hooks ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཞི་བདེ་དང་འཚེ་མེད་ཞི་བའི་ལམ་ནས་འཛམ་གླིང་གི་དཀའ་རྙོག་དང་དྲང་བདེན་མིན་པའི་གནས་ལུགས་ཐག་གཅོད་བྱ་ཐབས་སུ་སྐུ་ལས་གང་མང་སྐྱོན་ཡོད་སྟབས། ཁོང་ནི་ཨ་རིའི་རླབས་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྣེ་ཁྲིད་པ་མར་ཊིན་ལུ་ཐེར་ཁིན་དང་རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་པ་བདག་ཉིད་ཆེན་པོ་གྷན་ངྷི་སོགས་སྐྱེ་ཆེན་དམ་པ་དག་གི་བདེན་པའི་དཔང་བོ་གསོན་པོ་ཞིག་ཡིན་སྟབས། འདི་ལོ་༧གོང་ས་ཏཱ་ལའི་བླ་མ་གཙོས་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་སྐབས་དང་བསྟུན། ཁོང་ཉིད་ཀྱི་དྲང་བདེན་དང་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་འཛམ་གླིང་ལ་མིག་དཔེར་སྟོན་ཆེད་གཟེངས་རྟགས་འདི་འབུལ་གཏན་འཁེལ་པ་ཡིན། ཅེས་གསུངས་ཡོད་པ་་རེད།