ལོ་ ༥ ཁྲིམས་ཐག་བཅད།

ཉིན་འདི་འགར་རྒྱ་གཞུང་གིས་མངོན་ལྐོག་གཉིས་ཐོག་ནས་སྔར་ལོ་བོད་ནང་གི་དོན་རྐྱེན་ཁྲོད་རང་སྲོག་བློས་གཏོང་གནང་མཁན་བོད་རིགས་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ། བཙོན་འཇུག་མནར་གཅོད་དང་ཚད་བརྒལ་གྱི་ཁྲིམས་ཐག་བཅོད་ཀྱིན་ཡོད་འདུག

 

ཟླ་འདིའི་ཕྱི་ཚེས་ ༣ ཡས་མས་ལ་དཀར་མཛེས་མདའ་མདོ་ཞང་ཁ་ཤུལ་གྲོང་ཚོའི་ཕ་པད་མ་འཕྲིན་ལས་དང་། མ་བློ་ལུ་གཉིས་ཀྱི་བུ་སངས་རྒྱས་བཀྲ་ཤིས་སམ་དགྲ་འགུ་ད་ལྟ་རང་ལོ་ ༣༨ ཡིན་པ་ཁོང་ལ། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དོན་ཚན་ ༡༠༣ གྱི་ནང་གསེས་ ༢ དང་དོན་ཚན་ ༥༦ གྱི་ནང་གསེས་ ༡ ། དོན་ཚན་ ༥༥ ནང་གསེས་ ༡ བཅས་ལ་འགལ་ཡོད་པའི་ཉེས་འཛུགས་འོག དུས་བཀག་བཙོན་འཇུག་ལོ་ ༥ ཡི་ཁྲིམས་ཁག་བཅད་ཡོད་འདུག

དགྲ་འགུ་ལ་ཁྲིམས་ཐག་གཅོད་དོན་ནི། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢༡ ཉིན་རྒྱ་ནག་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ལྷ་སར་སྐོར་སྐྱོད་བྱས་སྐབས། དགྲ་འགུ་ཡིས་མགོ་སྤྲས་དཀར་པོ་ཞིག་གི་སྟེང་། བོད་རང་བཙན་ཡིན། ཞེས་དང་། མཁུར་ཚོས་གཉིས་སུ་བོད་ཀྱི་རྒྱལ་དར་རེ་བྲིས་ཏེ། དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཐོན་ཏེ། རྒྱ་གཞུང་གིས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་ཚད་ལྡན་སྤྲོད་དགོས། བོད་ལ་རང་དབང་དགོས། བོད་ལ་དྲག་གནོན་བྱེད་མི་ཆོག བོད་ནང་གི་རྒྱ་དམག་ཚང་མ་ཕྱིར་འཐེན་བྱ་དགོས། དཀར་མཛེས་སུ་རྒྱ་དམག་གིས་བོད་མིར་ཉེས་རྡུང་གི་ལག་ཆ་འདྲ་མིན་བེད་སྤྱོད་གཏོང་མི་ཆོག ཆབ་སྲིད་བཙོན་པ་གྲྭ་བཙུན་གཙོས་བོད་མི་ཡོད་ཚད་གློད་གྲོལ་གཏོང་དགོས། དཀར་མཛེས་ཀྱི་དགོན་པ་ཁག་ཏུ་རྒྱ་དམག་གིས་བསྐོར་བསྡད་ཡོད་པ་ཕྱིར་འཐེན་བྱ་དགོས་པ་མ་ཟད། ༧གོང་ས་མཆོག་དང་བོད་གཞུང་ལ་སྐྱོན་བརྗོད་བྱ་མི་ཆོག བོད་ནང་ཨོ་ལིམ་པིག་གི་དཔལ་འབར་སྐོར་སྐྱོད་བྱ་མི་ཆོག བོད་ཀྱི་བདག་པོ་བོད་མི་ཡིན། ཞེས་དོན་ཚན་ ༩ ཅན་གྱི་ཡིག་ཆ་ཞིག་གཏོར་འགྲེམས་བྱས་ཡོད་འདུག

 

ཟླ་ ༤ ཚེས་ ༥ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་དགྲ་འགུ་ལགས་ཁྲིམས་ཐག་བཅད་མེད་པའི་ཆབ་སྲིད་བཙོན་པ་གཞན་ ༡༥ དང་མཉམ་དུ་རླངས་འཁོར་ནང་བསྡམས་བཀྱིག་གིས་ས་གནས་གང་སར་སྐོར་ཁྲིད་བྱས་ཤིང་། རྒྱ་གཞུང་ལ་ངོ་ལོག་བྱས་ན་བགྲོད་ལམ་འདི་ལས་ཡོད་པ་མ་རེད། ཅེས་མང་ཚོགས་ལ་འཇིགས་སྐུལ་བྱས་ཡོད་འདུག ཅེས་དེ་རིང་སྔ་དྲོ་དཀར་མཛེས་དོན་འགྲུབ་བཀྲ་ཤིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱུང་།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “ལོ་ ༥ ཁྲིམས་ཐག་བཅད།

  1. ཨ་སྙིང་རྗེ།
    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

  2. བོད། ཤ་ཁྲག་རུས་གསུམ།

    གཅིག་རེ་འཁྲིད་དེ་མི་མང་ལ་འཇིགས་སྐུལ་བྱེད་བཞིན་པའི་རྣམ་པ་འདི་དག་བཤད་དེ་འོང་དུས། རྒྱ་ནག་གིས་དྲུག་བཅུ་རེ་གྲངས་ནང་གི་བྱེད་སྟངས་དེ་དག་སླར་ཡང་བོད་པ་ཚང་ལ་བྱེད་ཀྱི་ཡོད་པའི་སྣང་བ་ཞིག་སྐྱེ་བཞིན་འདུག་ལ། མི་ཐོག་རྗེས་ན་ཡང་ལུགས་སྲོལ་ངན་པ་དེ་དག་ད་དུང་བརྗེ་མེད་པར་ལག་བསྟར་བྱས་པ་མཐོང་ནས་འོང་དུས། ད་ནི་བོད་པ་འདི་ཚང་རྫོགས་ན་མ་གཏོགས་རྒྱ་ནག་གི་སྲིད་ཇུས་འདི་ལག་བསྟར་བྱེད་སྟངས་མཇུག་བསྡུ་འདོད་མེད་པ་འདྲ། བོད་ཀྱི་དབའ་བོ་དབའ་མོ་དེ་དག་གི་མཛད་རྗེས་ཇི་སྲིད་བར་དུ་གནས་གྱུར་ཅིག