ཀྲུང་གོའི་དྷ་རམ་ས་ལ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༡༥༨ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ལྷ་ས་དང་ངྷ་ས་གཉིས་ནི་བོད་མི་རིགས་ཀྱི་རྒྱལ་ས་གསར་རྙིང་གཉིས་ཡིན། རྒྱལ་ས་འདི་གཉིས་ཀྱི་གང་ཡིན་ཡང་དགོས་འདུན་གྱི་མཐོ་དམའ་ཙམ་མ་གཏོགས་ཀྲུང་གོའི་སྲིད་བྱུས་ཀྱི་ཐིག་རྩའི་ནང་ལ་འབབ་སྟངས་ནི་གཅིག་མཚུངས་ཡིན།

    ཉེ་ལམ་བྷི་བྷི་སི་ཡི་རྒྱ་ཡིག་སྡེ་ཚན་གྱིས་༧གོང་ས་མཆོག་ལ་བཅར་འདྲི་གནང་སྐབས་༧སྐུ་མདུན་གྱིས་བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་ཞེས་གསུངས་ཚུལ་ཞིག་གསར་ལམ་ཁག་ཏུ་ཁྱབ། དེ་ལ་བརྟེན་ནས་འདྲོགས་ལངས་མཁན་ཡང་གང་འཚམ་བྱུང་། ༧གོང་ས་མཆོག་གིས་དེ་དེ་ལྟར་དུ་གསུངས་ཡོད་མེད་གང་ལྟར་ཡང་། བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་ཞེས་པ་དང་། བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་འདུག་གི་ཡིན་ཞེས་པ་གཉིས་ལ་ཁྱད་པར་ཆེན་པོ་ཨེ་ཡོད། མ་གཞི་ནང་སྲིད་ཅེས་པ་འདི་ལའང་ཕྱི་ཕྱོགས་ཀྱི་ཐེ་བྱུས་ཡོང་ཆོག་དང་མི་ཆོག་ནི་ད་ལྟ་རྩོད་གཞིའི་ངོ་བོར་གནས་ཡོད།

    ངའི་སེམས་ཁྲལ་ནི་ཀྲུང་གོའི་ངྷ་རམ་ས་ལ་ལྟ་བུའི་ས་གནས་ས་ཐོག་གི་གནས་སྟངས་ཁག་ཅིག་ཡིན། བར་ལམ་ཞིག་ནས། བཙན་བྱོལ་ནང་གི་ཤེས་ཡོན་པ་མང་པོ་ཞིག་གིས་བོད་དོན་སྐོར་གྱི་ཆབ་སྲིད་བཤད་གི་མིན། ཁོ་ཚོས་ཀྲུང་གོའི་སྲིད་བྱུས་ཀྱི་འོག་ནས་ཤེས་ཡོན་གྱི་ལས་འཆར་དག་སྒྲིག་གི་ཡོད་སྟབས། ཀྲུང་གོར་ངོ་རྒོལ་གྱི་གཏམ་བཤད་མི་གནང་ལ། ལས་འགུལ་ཡང་མི་སྤེལ་ཟེར། རྒྱ་ནག་གི་ཤེས་ཡོན་པ་དག་གིས་ཀྱང་། ཀྲུང་གོའི་ངྷ་རམ་ས་ལའི་གནས་སྟངས་ལ་རྒྱུས་ལོན་བྱེད་པར་རྒྱུན་ཏུ་ཡོང་གི་ཡོད་ལ། མ་འོངས་པའི་ཀྲུང་གོའི་མདུན་ལམ་ཆེད་ལས་གཞི་གལ་ཆེན་དག་འདིར་ཁྱེར་ཡོང་མཁན་ཡང་ཡོད།

    བཙན་བྱོལ་བོད་གཞུང་གིས་བོད་འདི་ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལ་ཡོང་གི་ཡིན་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས་ཏེ། གནམ་འོག་ན་ལམ་ཁ་འདི་ལས་ལམ་ཁ་གཞན་ནི་ཡོང་ཐབས་མེད་ཅེས་ཀྱང་སྨྲ། དེ་བས་སྟབས་ལེགས་ན་བོད་དོན་འདི་རྒྱ་ནག་གི་ནང་སྲིད་ལ་བསྒྱུར་རྒྱུ་དེའང་གལ་ཆེན་ཡིན་སྲིད།

    ང་ཚོའི་ན་གཞོན་ཚོའི་ཁ་དང་ཁུག་མའི་ནང་གི་ལོངས་སྤྱོད་ཕལ་ཆེ་བའང་རྒྱ་ནག་གི་སྐད་དང་གླུ་གཞས། ཅ་དངོས་སོགས་ཀྱིས་ཁེངས་ནས་ཡོང་གི་ཡོད། མེག་གྷན་གྱི་ཁྲོམ་ལམ་གཡས་གཡོན་དག་ཀྱང་རྒྱ་མིའི་ཅ་དངོས་ཀྱིས་ཁེངས་ཤིང་། འདི་དག་སྤྱོད་མཁན་ཡང་ངྷ་སར་གཉུག་མར་གནས་པའི་ཀྲུང་གོའི་བོད་པ་རྣམས་ཡིན།

    ཉེ་ཆར་རོགས་པ་ཞིག་གིས་བཤད་དོན། ཁོས་བཙན་བྱོལ་དུ་སྐྱེས་པའི་ཁྱིམ་མཚེས་གསར་བུ་གསར་མོ་འགའ་ལ་རྒྱ་ནག་གི་བྲོ་སྨན་ཧོ་ཀོ་སྤྱོད་སྟངས་བསླབས་པ་ཡིན་ལ། དེང་སྐབས་ཁོང་ཚོས་བྲོ་སྨན་དེར་དགའ་བོ་བྱེད་ཀྱིན་འདུག་ཟེར། འདི་ནི་ཁ་བསླུ་སྟངས་ཀྱི་གོ་དོན་གཞན་ཞིག་ཡིན་ཡང་སྲིད། ད་དུང་ངྷ་རམ་ས་ལའི་ཁྱིམ་ཚང་ཕལ་ཆེ་བས་ལྷ་ས་བརྙན་འཕྲིན་ཁང་ནང་གི་རྒྱ་ནག་གི་གློག་བརྙན་དག་ལ་ལྟ་གིན་ཡོད། ཞོར་ཏུ་བརྙན་འཕྲིན་དེའི་ནང་གི་བོད་ལྗོངས་གསར་པ་ཞེས་པའི་ལེ་ཚན་གཞན་པ་མང་པོ་ཞིག་གིས་ངྷ་སའི་མང་ཚོགས་ཀྱི་མིག་འཕྲོག་གིན་པའི་ཚོར་སྣང་ཡང་ཇེ་གསལ་ཡིན། དེར་བརྟེན། དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་ངྷ་ས་ནི་ནམ་ཡང་ཀྲུང་གོར་དབང་ཆོག་ཆོག་གི་གནས་སྟངས་ཤིག་གསལ་བོར་མངོན་འདུག་སྙམ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

107 thoughts on “ཀྲུང་གོའི་དྷ་རམ་ས་ལ། རྩོམ་སྒྲིག་པས།

  1. དགེ་བོ་བཀྲ་ཁོ

    རྩོམ་སྒྲིག་པའི་བྲིས་བའི་ཀྲུང་གོའི་རྡ་ས་ཞེས་བ་འདི་ལ་ཆེས་གཏིང་ཟབ་པའི་གོ་བ་ཞིག་འདུག་སྙམ། འོན་ཀྱང་རང་བཙན་གཙང་མ་འདོད་མཁན་དག་གི་རེ་བ་ནི་ནམ་མཁའི་འཇའ་འཛིན་པའི་དཔེ་ལྟར་རེད། ཡིན་ན་ཡང་འགོ་ཁྲིད་ཁག་ཅིག་གི་ཕུགས་འདུན་ལྟོ་གོས་གཏམ་གསུམ་གྱི་ཆེད་ཡིན་ན་་་་་་རྒྱལ་བའི་བཀའ་ཡང་ཟུར་འཇོག་བྱས་ན་འགྲིག་གི།

  2. འཇམ་དབྱངས་གྲགས་པ།

    གངས་རི་སྐྱབས་དང་གནམ་ལྕགས་གཉིས་ཀྱིས་ཀླུ་མཁར་དང་ལུང་རིགས་ལ་གཞུ་གུ་གཡུག་སྟངས་ལ་ལྟ་སྐབས་ངས་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཁྲོད་ཀྱི་ཁྱི་གུ་དེ་དྲན་བྱུང༌།
    བློ་གྲོས་རྒྱལ་པོ་ཁྱེད་ཀྱིས་ཅི་ཞིག་བཤད་ཀྱིན་ཡོད།དགེ་བཤེས་ལགས་ཅི་རེད་འདུག ཨོ་དྲ་ཐོག་ཏུའང་སྒོ་མང་གྲྭ་ཟུར་གྱི་ཚོགས་པ་ཞིག་ཡོད་དམ།ད་བོད་པར་རང་བཙན་དང་རང་སྐྱོང་འཐོབ་མིན་མི་ཤེས་ཀྱང་ཚོགས་པས་ས་གང་འགྲོ་གིན་འདུག མིའིོ་རང་དབང་ཚོགས་པ་དང་དུད་འགྲོའི་རང་དབང་ཚོགས་པ།ད་དུང་བུད་མེད…
    དྲ་ཁང་འདིར་ཚོགས་པ་ཞིག་ཡོད་ན་ཚོགས་གཙོ་གནས་ཚང་ངམ་དཡུ་དྲུག་དཀར།སྤྱི་དཔོན་ཁང་གསར་དང་ཀླུ་མཁར།ཕྱི་སྲིད་དྲུང་ཆེ་བློ་གྲོས་རྒྱལ་པོ།འཆར་དགོད་པ་ལུང་རིགས་བཅས་ཡིན་པ་བཤད་མ་དགོས།