༢༠༠༩ ཟླ་ ༨ ཚེས་ ༦ ཉིན་ཇི་ནི་ཝར་རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན་དུ་སྐུ་ཞབས་ཡན་ཅ་ཇིའི་གཏམ་བཤད་གནང་བ་དེ་ཕྱི་ཟླ་ ༨ པའི་ནང་གི་བོད་གཞུང་གི་ཤེས་བྱ་དུས་དེབ་སྟེང་དུ་བཀོད་པ་བཤུས་ཏེ་འདིར་སྤེལ་བ་ཡིན།
༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བཀའ་བློན་ཁྲི་པ་མཆོག སྐུ་སྐྱེས་མ་རྣམ་པ། སྐུ་ཞབས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། ང་རང་དེ་རིང་ནེའུ་ཡོག་ནས་ཇི་ནི་ཝར་ཡོང་ནས་འདིར་སྐད་ཆ་ཤོད་དགོས་པའི་རྒྱུ་མཚན་གསུམ་ཡོད། ༡༽ ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆེས་བླ་ན་མེད་པའི་སྙིང་སྟོབས་དང་། རླབས་ཆེན་གཟི་བྱིན། ༢༽ རྒྱ་རིགས་སྤུན་ཟླ་དང་ལྷན་དུ་བཙན་བྱོལ་གྱི་འཚོ་བའི་ཉམས་མྱོང་སྤེལ་རེས་ཀྱི་ཆེད། ༣༽ རྒྱ་བོད་མཐུན་སྒྲིལ་ཡོང་ཐབས་དང་། ཐུན་མོང་ཐོག་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་འཚོལ་ཆེད་དུ་འདིར་ཡོང་བ་ཡིན།
འདས་པའི་ལོ་ལྔ་བཅུའི་རིག་གི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གྲུབ་འབྲས་ཆེན་པོ་གསུམ། ༧གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་ནས་མི་ལོ་ ༥༠ སོང་ཡང་རང་ཡུལ་དུ་ཕྱིར་ལོག་གནང་ཐུབ་མེད། གོང་ཉིད་ཕྱིར་ཕེབས་གནང་རྒྱུར་འགོག་རྐྱེན་བཟོ་མཁན་མའོ་ཙེ་ཏུང་དང། ཏིང་ཞའོ་ཕིང་སྐུ་གཤེགས་ཟིན་ཞིང། ཅང་ཙེ་མིན་ཡང་ལས་གནས་ལས་འཁྱུར་ཟིན་པ་རེད། ལོ་ ༥༠ ནང་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང་། རྒྱ་ནག་གི་འགོ་ཁྲིད་ཀྱང་འཕོ་འགྱུར་ཆེན་པོ་ཕྱིན་ཡོད། ལོ་ ༥༠ བཙན་བྱོལ་གྱི་འཚོ་བའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་དཀྱེལ་ཆེའི་དགོངས་པ་དང་། འགྱུར་བ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་གསུམ་ཐོབ་ཡོད།
༡༽ བོད་ཀྱི་སངས་རྒྱས་ཆོས་ལུགས་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ། ༢༽ བོད་མི་འབུམ་གཅིག་ལྷག་ཙམ་གྱི་བཙན་བྱོལ་སྤྱི་ཚོགས་ཆིག་སྒྲིལ་དུ་གནས་ཐུབ་པ་མ་ཟད། མང་གཙོའི་ལམ་ཆེན་དུ་བསྐྱོད་ཅིང། རྒྱ་བོད་མི་རིགས་དབར་མཐུན་སྒྲིལ་དང་། འབྲེལ་ལམ་གྱི་སྒོ་ཕྱེ་གནང་བ། ༣༽ རྒྱུན་ཆད་མེད་པར་འགྲོ་བ་མིའི་བཟང་པོའི་ཡོན་ཏན་དང་། ཆོས་ལུགས་ཁག་འཆམ་མཐུན་ཡོང་ཐབས་དར་སྤེལ་གནང་བ། འཚེ་མེད་ཞི་བའི་དགོངས་པ་ཁྱབ་སྤེལ་གནང་ནས་འཛམ་གླིང་ཞི་བདེའི་ཆེད་ཕུལ་དུ་བྱུང་ཞིང། རླབས་ཆེ་བའི་ལེགས་སྐྱེས་ཕུལ་ཡོད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་འཛམ་གླིང་ཀུན་ཏུ་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད།
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བཙན་བྱོལ་དུས་ཡུན་རིང་ཤོས།
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་བཙན་བྱོལ་བ་ཆགས་དགོས་པའི་རྒྱུ་རྐྱེན་མང་པོ་ཡོད་ཅིང་། གསར་བརྗེ་དང་། སྲིད་འགྱུར་བྱུང་དབང་གིས་ག་དུས་ཡིན་རུང་བཙན་བྱོལ་བ་ཐོན་གྱི་ཡོད། ཕྱི་ལོ་ ༡༧༨༩ ལོར་ཕ་རན་སིའི་གསར་བརྗེ་ཆེན་པོའི་སྐབས་ཀྱི་བཙན་བྱོལ་བ་ནི་བཙན་བྱོལ་དུ་ལོ་ ༡༣ ལས་བསྡད་དགོས་བྱུང་མེད། ཝེག་ཀྲ་ཧོ་གོ་བཙན་བྱོལ་དུ་ལོ་ ༢༩ ལས་བཞུགས་དགོས་བྱུང་མེད་ཅིང། ཡ་ང་བའི་འཛམ་གླིང་ཞེས་པ་དེ་བཙན་བྱོལ་ནང་ལྗགས་རྩོམ་གནང་ཡོད། ཧྲན་ཆུལ་ཞེས་པའི་དེབ་ཀྱི་རྩོམ་པ་པོ་ཏན་ཏིང་བཙན་བྱོལ་དུ་ལོ་ ༣༧ བཞུགས་ཡོད། ཨི་ཊ་ལི་ཡི་སྤོ་རི་ནོ་ཡིས་ས་གཞི་ལྟི་གནས་ཞེས་པར་ངོ་རྒོལ་བྱས་རྐྱེན་གྱིས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང། ལོ་ ༥༣༡ གོང་དུ་ཁོང་ཉིད་དེ་རིང་ང་ཚོ་འཛོམས་སའི་གྲོང་ཁྱེར་ཇི་ནི་ཝར་ཕེབས་མྱོང་ཡོད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་ཕུད། བཙན་བྱོལ་དུ་བཞུགས་རྒྱུན་རིང་བ་བྱུང་མེད། ཕྱི་ལོ་ ༡༩༨༩ ལོོར་ངོས་ནས་པེ་རི་སིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐེངས་དང་པོར་མཇལ་སྐབས་ང་ནི་ཁོང་གི་སྙིང་སྟོབས་ཀྱིས་འདུལ་སོང།
རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་སྐྱོན་གནད་གཉིས་མེད་པ་བཟོ་དགོས།
རྒྱ་ནག་ལ་ཇིང་ཧྲེ་ཧོང་གི་སྐབས་ནས་བཟུང་ཆབ་སྲིད་ལམ་ལུགས་ཐོག་སྐྱོན་གནད་གཉིས་ཡོད། གཅིག་ནི་སྲིད་དབང་སྒེར་གཅོད་དང། གཅིག་ཤོས་ནི་དབུས་གཞུང་གིས་གཅིག་བསྡུས་བྱེད་ཀྱི་ཡོད་པ་དེ་ཡིན། སྐྱོན་གནད་དེ་གཉིས་ཡོད་པ་ལ་བརྟེན་ནས་རྒྱ་ནག་ལ་ག་དུས་ཡིན་རུང་སྐྱོན་གནད་གཉིས་ལ་སྐོར་བ་རྒྱག་གི་ཡོད་པ་སྟེ། གཅིག་ནི་རྒྱལ་རབས་སྐོར་བ་རྒྱག་གི་ཡོད་པ་དང། གཅིག་ནི་འདུས་པ་དང་བྲལ་བ་སྐོར་བ་རྒྱག་གི་ཡོད། འདུས་པ་དང་བྲལ་བ་སྐོར་བ་རྒྱག་པ་ཟེར་བ་ནི་ཁ་བྲལ་དང་གཅིག་གྱུར་ཤོད་རེས་བྱེད་པ་དེ་ཡིན། དེང་སང་ཐེ་ཝན་མཚོ་འགག་གཉིས་སུ་ཡོད་པའི་སྲིད་གཞུང་ཡང་འདུས་པ་དང་བྲལ་བའི་ནང་གི་བྲལ་བའི་གནས་སྟངས་ཤིག་ཡིན། དེ་རིང་གི་གུང་བྲན་ཏང་གི་སྲིད་གཞུང་ནི་སྔར་གཞིན་རྒྱལ་པོའི་གཞུང་རེད། དེ་གཉིས་མེད་པ་བཟོ་རྒྱུའི་ཐབས་ལམ་ནི་མང་གཙོའི་ལམ་ལུགས་ལ་བརྟེན་ནས་རྒྱལ་པོའི་ལམ་ལུགས་མེད་པ་བཟོ་རྒྱུ་དང་། གནའ་འབྲེལ་ལམ་ལུགས་ལ་བརྟེན་ནས་འདུས་པ་དང་བྲལ་བ་མེད་པ་བཟོ་དགོས་རྒྱུ་དེ་ཡིན།
ཕུགས་ཀྱི་དམིགས་ཡུལ་དང་ཉེ་བའི་དམིགས་ཡུལ།
བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཕུགས་དང་ད་ལྟའི་དམིགས་ཡུལ་གཉིས་ཡོད། བོད་ཀྱི་གནད་དོན་གྱི་ཕུགས་ཀྱི་དམིགས་ཡུལ་ནི་མནའ་འབྲེལ་ལམ་ལུགས་ཀྱི་འོག་ཏུ་ཆེས་མཐོའི་རང་སྐྱོང་ལག་བསྟར་བྱེད་རྒྱུ་རེད། ངའི་ངོས་འཛིན་ལ་ཉེ་བའི་དམིགས་ཡུལ་ནི་༸གོས་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མི་བཙན་བྱོལ་བ་ཡོངས་རྫོགས་རང་དབང་གི་ཐོག་ནས་བོད་དུ་ཕྱིར་ལོག་གནང་རྒྱུ་དེ་ཡིན་ཞིང། དཔེར་ན། གནས་སྐོར་དང་། ཡུལ་སྐོར་སྤྲོ་འཆམ། གཏན་སྡོད་བྱེད་རྒྱུ་ལྟ་བུ་ཡིན་པ་དང། དེ་ནི་དེང་སྐབས་ཐ་ཝན་གྱི་སྤུན་ཟླ་རྣམས་རྒྱ་ནག་སྐམ་ས་ཆེན་པོར་ཡུལ་སྐོར་སྤྲོ་འཆམ་དང་། གཏན་སྡོད་བྱེད་པར་འགྲོ་ན་འགྲིག་གི་ཡོད་པ་ནང་བཞིན་རེད། ཐེ་ཝན་དང་། བོད་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་མནའ་འབྲེལ་ལམ་ལུགས་ལ་བརྟེན་རྒྱུ་དེ་རེད།
གནད་དོན་གཉིས་དབྱེ་འབྱེད་བྱེད་དགོས།
ངས་དེ་རུང་སྐད་ཆ་ཞིག་ཤོད་རྒྱུ་ཡོད་ནི། ༧གོང་ས་ཏཱ་ལའི་བླ་མ་མུ་མཐུད་བཙན་བྱོལ་ལ་བཞུགས་དགོས་བྱུང་ཚེ། བོད་ཀྱི་གནད་དོན་ཐག་གཅོད་ཡོང་མི་ཐུབ། ཆོས་ལུགས་དང། མི་རིགས་ཀྱིས་འགྲོ་བ་མིའི་རིགས་ཡོངས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ནང་རྩ་བ་བརྟན་ཚུགས་ཀྱི་ནུས་པ་ཡོད་ཅིང། བོད་ཀྱི་མདུད་པ་འགྲོལ་ཆེད་༧གོང་ས་ཏཱ་ལའི་བླ་མ་མཆོག་རང་ཉིད་ཀྱི་རྒྱལ་ཁབ་ཏུ་ལོག་ཐུབ་པ་དགོས། རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་ཀྱང་། དེ་ནི་མིང་ཙམ་ལས་དོན་དག་མེད་པ་ཞིག་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་བར་དགོངས་ཏེ་ཁོང་གིས་བོད་རང་བཙན་རྩོད་ལེན་བྱེད་རྒྱུ་མིན་པ་ཡང་ཡང་གསུངས་གནང་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་ཏུ་ཕེབས་པ་ཡིན་ན། ཁོང་ནི་རྒྱ་བོད་མཐུན་སྒྲིལ་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་སྐུལ་འདེད་གནང་མཁན་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད།
རྒྱ་ནག་གི་རྩ་ཁྲིམས་ནང་། སྤྱི་དམངས་ལ་སྨྲ་བརྗོད་རང་དབང་དང་། དཔར་སྐྲུན་རང་དབང་། ཚོགས་པ་འཛུགས་པའི་རང་དབང་ཡོད་ཅེས་གསལ་བོར་གཏན་འབེབས་བྱས་ཡོད། འོང་ཀྱང་གཏན་འབེབས་དེ་དག་ལག་བསྟར་བྱས་མེད། རྩ་ཁྲིམས་ནང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱ་དགོས་ཞེས་གཏན་འབེབས་གསལ་བོ་བྱས་ཡོད་ཀྱང་། དེ་དག་ཀྱང་དངོས་སུ་ལག་བསྟར་བྱས་མེད། དེར་བརྟེན་བཙན་བྱོལ་བོད་མི་ཚོས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་མ་འགལ་བའི་ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་པ་དེ་ནི་ང་ཚོས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་མ་འགལ་བར་མིང་དོན་མཚུངས་པའི་ཚོགས་པ་འཛུགས་པའི་རང་དབང་དགོས་འདུན་བཏོན་པ་དང་འདྲ། མ་འོངས་པའི་བོད་རང་སྐྱོང་ཇི་ལྟར་བྱེད་རྒྱུ་གནད་དོན་དེ་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་མི་ཐུབ། དེ་ནི་མ་འོངས་པའི་རྒྱ་ནག་གི་དམངས་གཙོའི་ལམ་ལུགས་གྲོས་མོལ་གནང་ནས་ཐག་གཅོད་བྱེད་མི་ཐུབ་པ་དང་འདྲ། ངས་འདིར་བཤད་འདོད་པ་ནི། མ་འོངས་པའི་བོད་རང་སྐྱོང་ཇི་ལྟར་བྱེད་རྒྱུ་གནད་དོན་དེ་ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ལོག་པའི་ཆ་རྐྱེན་དུ་བྱེད་མི་རུང། དེ་ནི་པེ་ཅིན་གྱིས་རྒྱ་ནག་མི་དམངས་ལ་དྲིལ་བསྒྲགས་བྱས་ནས་ཏཱ་ལའི་བླ་མ་འགོག་བྱེད་ཀྱི་རྐྱེན་དུ་བསྒྱུར་སྲིད།
དེ་རིང་གི་གནས་སྟངས་འོག་བོད་དོན་ཐག་གཅོད་བྱེད་པ་ལ་ངེས་པར་དུ་དོན་རྐྱེན་གཉིས་དབྱེ་བ་ཕྱེ་དགོས། གཅིག ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མི་ཕྱིར་བོད་དུ་ཕེབས་པའི་གནད་དོན། གཉིས། མ་འོངས་བོད་ཀྱི་རང་སྲིད་རང་སྐྱོང་དང་ལམ་ལུགས་ཀྱི་གནད་དོན། དང་པོ་ནི་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་ཐོབ་ཐང་ཡིན། གཉིས་པ་དེ་ནི་དམར་ཕྱོགས་ཚོགས་པ་དང་གྲོས་མོལ་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། ང་ཚོ་སྐྱབས་བཅོལ་ལ་ཡོང་ནས་ལོ་ངོ་ ༢༠ འདས་ཟིན། དེ་ཡང་གནད་དོན་གཉིས་ཡིན། གཅིག་ནི་དྲུག་བཞིའི་དོན་རྐྱེན་དག་ཐེར་གནང་བའི་ཆ་རྐྱེན་འོག་སྐྱབས་བཅོལ་གྱི་གནས་སྟངས་མཇུག་སྒྲིལ་དགོས། གཉིས་པ་ནི་རྒྱ་ནག་ཏུ་དམངས་གཙོའི་ལམ་ལུགས་བསྐྲུན་རྒྱུ་དེ་ཡིན། དག་ཐེར་བཟོས་པ་ནི་རྒྱ་ནག་སྐམ་ས་ཆེན་མོའི་ས་གཞིའི་ཐོག་དྲུག་བཞིའི་དོན་རྐྱེན་ནི་དམར་གསོད་ཀྱི་དོན་རྐྱེན་ཞིག་ཡིན་པ་ངོས་ལེན་གནང་བ་རེད། གནད་དོན་གཉིས་པ་དེ་ཡང་དམར་ཤོག་ཚོགས་པ་ལྷན་དུ་གྲོས་མོལ་གནང་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། དེ་བས་ང་ཚོས་ཐུན་མོང་ཐོག་ནས་འབད་བརྩོན་གནང་ནས་རྒྱ་ནག་གི་སྲིད་དབང་གཅིག་བསྡུས་འདི་མཇུག་སྒྲིལ་བ་བྱ་དགོས།
གདན་དོན་ལྔ། བཙན་བྱོལ་བོད་མི་ཕ་ཡུལ་ལ་ལོག་པའི་གོམ་པ་དང་པོ།
དང་པོ། ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་དང་རང་གི་ཕ་ཡུལ་བོད་དུ་ལོག་པ་ནི་བླ་མེད་ཀྱི་ཐོབ་ཐང་ཡིན། གཉིས་པ། ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ཕེབས་པའི་གནད་དོན་དང་རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྱི་གྲོས་མོལ་གྱི་གནད་དོན་གཉིས་སོ་སོར་དབྱེ་དགོས། གསུམ་པ། རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྱི་གནད་དོན་དང་མ་འོངས་བོད་ཀྱི་ལམ་ལུགས་གནད་དོན་ནི་གྲོས་མོལ་གནང་ནས་ཐག་གཅོད་བྱེད་མི་ཐུབ། པེ་ཅིན་དང་རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྱི་གྲོས་མོལ་ལ་ཕམ་ཁ་བྱུང་བ་དེ་པེ་ཅིན་ཕྱོགས་ནས་ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ཕེབས་པར་འགོག་རྐྱེན་བཟོས་བའི་རྒྱུ་མཚན་དུ་འགྲོ་བ་ཡིན། བཞི་བ། འབྱུང་འགྱུར་མུ་མཐུད་དེ་སྐུ་ཚབ་བམ་ཡང་ན་སྐུ་ཚབ་ཚོགས་པ་བཀོད་མངགས་གནང་ནས་གྲོས་མོལ་གནང་རྒྱུ་མེད། འདས་པའི་ལོ་ངོ་ལྔ་བཅུའི་ནང་པེ་ཅིན་གྱིས་ཏཱ་ལའི་བླ་མ་ཕྱིར་ཕེབས་པར་བཀག་འགོག་བྱེད་དགོས་དོན་རྩ་བ་ནས་མེད། གྲོས་མོལ་ཡང་ཡང་བྱེད་པའི་དོན་དངོས་ནི་༧གོང་ས་མཆོག་བོད་དུ་ལོག་པའི་དུས་ཚོད་ནར་འགྱངས་བྱེད་པ་རེད། ༧གོང་ས་མཆོག་གིས་རི་བོ་རྩེ་ལྔར་གནས་སྐོར་འགྲོ་འདོད་ཡོད་པའི་རེ་སྨོན་ཐེངས་མང་པོ་གནང་ཡོད། བོད་ཀྱི་རང་སྐྱོང་ཇི་ལྟར་གནང་ཕྱོགས་སྐོར་གྲོས་མོལ་མ་གནང་བའི་འོག་༧གོང་ས་མཆོག་རི་བོ་རྩེ་ལྔར་གནས་མཇལ་བྱེད་རྒྱུ་ནི་གྲོས་མོལ་གནང་དགོས་པའི་གནད་དོན་ཞིག་མིན། ལྔ་པ། ༧གོང་ས་མཆོག་རི་བོ་རྩེ་ལྔར་གནས་མཇལ་དང་གསུང་ཆོས་གནང་རྒྱུ་ནི་ངེས་པར་དུ་དུས་ཡུན་ཐུང་ངུའི་ནང་ལག་ལེན་བྱེད་དགོས།
༧གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ཅིང་ཕྱིར་རང་ཡུལ་དུ་ཕེབས་པ་ནི་བཙན་བྱོལ་བོད་མི་རང་ཡུལ་དུ་ལོག་པའི་གོམ་པ་དང་པོ་ཡིན། འདི་ནི་བོད་རྒྱ་མཛའ་མཐུན་དང་རྒྱ་ནག་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང། སྲིད་ཚོགས་དང་རྒྱ་ནག་ཆབ་སྲིད་ལས་བརྒལ་པའི་དོན་ཆེན་ཞིག་ཡིན། དེ་རིང་ང་ཚོས་ཚོགས་འདུའི་སྙིང་སྟོབས་དེ་ཁྱབ་སྤེལ་བཏང་ནས། བོད་དང། རྒྱ་ནག དེ་བཞིན་འཛམ་གླིང་ལ་ཁྱབ་སྤེལ་བཏང་བ་བྱེད་དགོས།