ད་སྐབས་དམར་ཤོག་ནང་ཁུལ་དུ་མི་སྒེར་སོ་སོ་བའི་དབང་ཤུགས་ཏེ་ཉམས་ཉེས་སུ་གྱུར་ཟིན་པས་ངེས་པར་དུ་སྒྲིག་འཛུགས་རང་བཞིན་གྱི་གོ་རིམ་ཞིག་ལ་བརྟེན་དགོས་པ་ཆགས་ཡོད།
ཕྱི་ཟླ་ ༩ པའི་ཚེས་ ༨ ཉིན་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གིས་ཚོགས་འདུ་བསྡུས་ཏེ། རྒྱ་ནག་གི་དམར་ཤོག་ཚོགས་པའི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་བཞི་པ་དེ་ཕྱི་ཚེས་ ༡༥ ནས་ ༡༨ བར་ཚོགས་གཏན་ཁེལ་བ་ལྟར། ཁ་སང་སྔ་དྲོ་རྒྱ་ནག་པེ་ཅིན་དུ་ཚོགས་མགོ་ཚུགས་ཡོད་པ་དང་། དམར་ཤོག་ཚོགས་པའི་རྒྱུན་ལས་ ༢༠༤ ཚོགས་ཞུགས་བྱས་ཡོད་པ་རེད། རྒྱ་གཞུང་གི་གསལ་བསྒྲགས་ལྟར་ན། ཐེངས་འདིའི་ཚོགས་འདུའི་གྲོས་གཞི་གཙོ་བོ་ནི་རྒྱ་ནག་ཆབ་སྲིད་ལྷན་ཁང་གིས་དབུས་དམར་ཤོག་ལྷན་ཚོགས་ལ་ལས་དོན་སྒྲོག་སྦྱང་དང་། ཞིབ་འཇུག་ལ་ཤུགས་བསྣན་ཏེ་དམར་ཤོག་རིང་ལུགས་ཀྱི་རྣམ་པ་གསར་བའི་བཅོས་སྒྱུར་འཛུགས་སྐྲུན་ཐད་ཀྱི་གནད་དོན་དག་ཡིན་ལུགས་བརྗོད་ཡོད་འདུག ཚོགས་འདུའི་སྐབས་དང་བསྟུན་ནས་པེ་ཅིན་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལམ་མདོ་ ༢༠༠ ལྷག་ཏུ་ཉེན་རྟོག་པའི་ཞིབ་བཤེར་ས་ཚུགས་བཙུགས་ཡོད་པ་མ་ཟད། དམངས་གཙོ་དོན་གཉེར་བ་དང་ཆོས་ལུགས་མི་སྣ་སོགས་ལ་དོ་དམ་ལྟ་རྟོག་དང་གྲོང་ཁྱེར་ནས་ཕྱིར་འབུད་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།
སྲིད་དོན་དབྱེ་ཞིབ་པ་དག་གིས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། ད་ལྟའི་རྒྱ་ནག་སྲིད་འཛིན་ལྷན་ཁང་གི་རྒྱུན་ལས་ཚོགས་མིའི་མདུན་གྲལ་དུ་ཡོད་པའི་ཧུའུ་ཅིན་ཐའོ་དང་། ཝུ་པང་གོ། ཝུན་ཅ་པའོ། ཅ་ཆིན་ལིན། ལི་ཁྲང་ཁྲོན་བཅས་ནི་བསྟུད་མར་ཐེངས་གཉིས་ལ་ཆབ་སྲིད་རྒྱུན་ལས་ཁུར་ཟིན་པ་དང་། ཧིག་གོ་ཆང་དང་ཀྲུག་ཡུང་ཁང་ནི་རྒན་ཡོལ་ཆགས་ལ་ཉེ་བས། ད་ལྟའི་ཆབ་སྲིད་རྒྱུན་ལས་དགུའི་གྲས་སུ་མ་འོངས་པའི་སྲིད་འགན་རྒྱུན་འཛིན་པར་རེ་བ་རྒྱག་ས་ནི་ཞི་ཅིན་ཕེན་དང་ལུས་ཁི་ཆང་གཉིས་ལས་ལྷག་མེད། དེར་བརྟེན། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་གཅིག་ནི་མ་འོངས་པར་ཧུའུ་ཅིན་ཐའོ་དང་ཝུན་ཇ་པའོ་གཉིས་ཀྱི་ལས་གནས་རྒྱུན་འཛིན་བྱེད་མཁན་གྱི་མི་སྣ་དམིགས་འཛུགས་བྱ་རྒྱུ་དེ་ཡིན་ལ། ཐེངས་འདིར་ཞི་ཅིན་ཕེན་རྒྱ་ནག་དབུས་གཞུང་གི་དམག་དོན་སྲིད་འཛིན་གཞོན་པའི་གོ་གནས་སུ་བསྐོ་འཇོག་བྱ་ཐུབ་མིན་དེ་ཆགས་ཡོད། གལ་སྲིད་གོ་གནས་དེར་བསྐོ་འཇོག་བྱེད་ཐུབ་པ་བྱུང་ཚེ། ཕྱི་ལོ་ ༢༠༡༢ ལོར་ཧུའུ་ཅིན་ཐའོ་ཡི་སྲིད་འཛིན་གྱི་གོ་གནས་རྒྱུན་འཛིན་བྱེད་མཁན་གྱི་མི་སྣ་གཙོ་བོ་དེ་ཁོ་རང་ཆགས་རྒྱུ་ཡིན་པ་དང་། དེ་ལྟར་མ་བྱུང་པ་ཡིན་ན་ད་ལྟའི་རྒྱ་ནག་དམར་ཤོག་དཔོན་རིགས་ནང་ཁུལ་དུ་མ་འོངས་པའི་རྒྱ་ནག་སྲིད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ཐད་འགལ་བ་འབྱུང་བཞིན་པ་མཚོན་ཡོད་པར་མ་ཟད། མ་འོངས་པའི་ལོ་གཉིས་ཀྱི་རིང་རྒྱ་ནག་གི་ནང་སྲིད་འཛིན་སྐྱོང་ཐད་མུ་མཐུད་གཏན་འཇགས་ཡོང་རྒྱུ་མིན་སྐོར་བརྗོད་ཡོད།
གཞན་ཡང་། རྒྱ་ནག་མི་དམངས་སློབ་གྲྭ་ཆེན་མོའི་ཆབ་སྲིད་སྡེ་ཁག་གི་དགེ་རྒན་ཆེན་མོ་ཀྲང་མེན་གྱིས། གྲོས་ཚོགས་ཐེངས་བཞི་བ་ནི་རྒྱུན་ལྡན་ལྟར་ན་ཐེངས་རྗེས་མའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་གྲ་སྒྲིག་ལྟ་བུ་དང་། མ་འོངས་པའི་ཚོགས་ཆེན་སྐབས་ཀྱི་སྲིད་འཛིན་བརྗེ་བསོར་བྱ་བར་རྒྱུན་འཛིན་མི་སྣ་བསྐོ་འཇོག་གི་གནད་འགག་ལ་ཐུག་ཡོད་པ་རེད། བརྗེ་བསོར་སྐབས་ཆེས་དཀའ་ཁག་ཆེ་བའི་གནད་དོན་ནི་གོ་རིམ་རེད། ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་འདིའི་ཁྲོད་དམར་ཤོག་ནང་ཁུལ་དུ་མང་གཙོ་མ་བྱུང་ཚེ་གནད་དོན་འདི་ཐག་གཅོད་དཀའ་བ་ཞིག་ཏུ་གྱུར་ཡོད། ད་ལྟའི་བར་དམར་ཤོག་སྲིད་འཛིན་ཚོགས་པར་མི་རབས་བཞི་བྱུང་ཡོད་ལ། དེའི་ཁྲོད་ཕྱི་ལོ་ ༢༠༠༢ ལོའི་ཧུའུ་ཅིན་ཐའོ་ཡིས་སྲིད་འཛིན་ལས་ཁུར་གྱི་གོ་རིམ་དེ་ནི། ཕྱིའི་རྣམ་པའི་ཐོག་ནས་རྒྱ་ནག་གི་ལོ་རྒྱུས་ཐོག་ཆེས་མཐོའི་སྲིད་དབང་གོ་གནས་བརྗེ་བསོར་གོ་རིམ་ཁྲོད་རྙོག་ཟིང་མ་བྱུང་བ་གཅིག་པུ་དེ་ཆགས་ཡོད། ཡིན་ནའང་། དེ་ནི་ཏིན་ཞའོ་ཕེན་སྒེར་གྱི་དབང་ཤུགས་ཀྱིས་སྔོན་མ་ནས་ཐག་གཅོད་བྱས་ཟིན་པ་ཞིག་རེད། ད་སྐབས་དམར་ཤོག་ནང་ཁུལ་དུ་མི་སྒེར་སོ་སོ་བའི་དབང་ཤུགས་ཏེ་ཉམས་ཉེས་སུ་གྱུར་ཟིན་པས་ངེས་པར་དུ་སྒྲིག་འཛུགས་རང་བཞིན་གྱི་གོ་རིམ་ཞིག་ལ་བརྟེན་དགོས་པ་ཆགས་ཡོད། ཅེས་གསར་ལམ་ཁག་ཏུ་བརྗོད་ཡོད།
རྒྱ་ནག་དབུས་གཞུང་གིས་སྒྲོག་བཞིན་པའི་དམར་ཤོག་རིང་ལུགས་ཀྱི་རྣམ་པ་གསར་བའི་བཅོས་སྒྱུར་འཛུགས་སྐྲུན་གྱི་གནད་དོན་ཟེར་བའི་གྲོས་ཚོགས་ཀྱི་གླེང་གཞིའི་སྐོར་ལ། རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་སློབ་གསོ་སྡེ་ཁག་གི་མགོ་གཙོ་གཞོན་པ་དང་། རྒྱ་ནག་གི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྷན་ཚོགས་ཀྱི་དྲུང་ཡིག་ཀྲའོ་ལིས་ཝུན་གྱིས་གསར་ལམ་ཁག་ཏུ་བརྗོད་དོན། གཞི་རིམ་མང་ཚོགས་ཀྱི་ངོས་ནས་ཐེངས་འདིའི་གྲོས་ཚོགས་ཐད་བཅིངས་བའི་རེ་བ་དང་དོ་སྣང་བྱ་ཡུལ་གཙོ་བོ་ནི། གཅིག རུལ་སུངས་དག་ཐེར་བཀག་སྡོམ། གཉིས། དམངས་གཙོ་ཡར་རྒྱས་འཐུས་ཚང་། གསུམ། སྲིད་དོན་གཙང་སྐྱོང་གི་ཁ་ཕྱོགས་གཏན་འབེབས། བཞི། སྲིད་སྐྱོང་མི་སྣ་འོས་འདེམས་བྱ་རྒྱུ་བཅས་ཡིན་པར་བརྗོད་ཡོད།
གཞན་ཡང་། རྒྱ་ནག་གི་གཞུང་འབྲེལ་དྲ་བ་མི་དམངས་ཉིན་རེའི་ཚགས་པར་གྱི་སྟེང་དུའང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འབྲེལ་བའི་དོགས་འདྲི་ཅན་གྱི་དྲི་བ་དྲུག་སྤེལ་ཡོད་པར་མ་ཟད། ཕྱི་ཚེས་ ༡༤ ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་ཀྱི་སྟེང་ནས་བཟུང་བརྗོད་གཞི་དེ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་ཐད་གཏོང་བྱས་ཡོད་འདུག