རྒྱ་ནག་གི་དོགས་འདྲོག

ཁ་སང་ཕྱི་ཚེས་ ༡༥ ཉིན་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་བཀོད་པའི་གནས་ཚུལ་ནང་། ཟླ་ ༩ ཚེས་ ༡༠ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པུ་ར་གྷོ་ནས་༧གོང་ས་མཆོག་དང་། འཛམ་གླིང་གི་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ར་བྷེ་ཡཱ་གཉིས་མཇལ་འཕྲད་གནང་ཡོད་པ་མ་ཟད་མཉམ་དུ་སྐུ་པར་སྒྲོན་ཡོད་ཚུལ་དང་། གཟའ་པ་སངས་ཉིན་ཁོང་གཉིས་ཡུལ་དེར། ཨེ་ཤ་ཡའི་ཞི་བདེ་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་། ཞེས་པའི་ཚོགས་འདུར་ཞུགས་ཤིང་། ༧གོང་ས་མཆོག་གིས་ར་བྷེ་ཡཱ་དང་ཚོགས་འདུ་གོ་སྒྲིག་གནང་མཁན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བ་རྣམ་གཉིས་མཚམས་སྦྱོར་གནང་ཡོད་པ་མ་ཟད། སྐབས་དེར་ར་བྷེ་ཡཱ་ཡིས་དབྱིན་སྐད་མི་ཤེས་སྟབས། ༧གོང་ས་མཆོག་གིས་གསུང་བསྒྱུར་གནང་ཚུལ་སོགས་བཀོད་འདུག

གསར་འགྱུར་དེའི་ནང་༧གོང་ས་མཆོག་དང་ར་བྷེ་ཡཱ་རྣམ་གཉིས་ཀྱི་གསུང་ཚིག་དུམ་བུ་རེ་ལུང་འདྲེན་བྱས་བའི་ནང་། ཕྱི་ཚེས་ ༡༠ ཉིན་གྱི་གསར་འགོད་ལྷན་ཚོགས་སྟེང་། ཏཱ་ལའི་བླ་མས། ར་བྷེ་ཡཱ་ནི་ཡུ་གུར་གྱི་མི་ཧུར་པོ་བ་དེ་དག་དང་བསྡུར་ན་ཞི་ཞིང་དུལ་བ་ཞིག་རེད། ར་བྷེ་ཡཱ་ང་ཚོའི་ལངས་ཕྱོགས་ལ་ཧ་ཅང་འཐད་པ་མ་ཟད། དྲག་ཤུགས་ལ་བརྟེན་ནས་ལས་འགུལ་མི་སྤེལ་རྒྱུར་ཡང་ཧ་ཅང་འཐད་པ་རེད། ངས་བསམ་ན་ཁོ་མོའི་བསམ་ཚུལ་ཡང་རང་སྐྱོང་བྱེད་འདོད་པ་ལས་ཁ་བྲལ་གཏོང་མི་འདོད་པ་དེ་རེད། ཅེས་བརྗོད་པ་རེད། ཅེས་བཀོད་འདུག ཡང་ཉིན་དེའི་ར་བྷེ་ཡཱ་ཡི་སྐད་ཆ་ལུང་འདྲེན་བྱས་དོན། ར་བྷེ་ཡཱ་ཡིས། ད་ལོའི་ ༧་༥ དོན་རྐྱེན་གྱི་འགན་ཡང་ནས་ཡང་དུ་གཡོལ་ཐབས་བྱས་རྗེས། ཧ་ཅང་ངོ་ཤེས་ཀྱི་ཚུལ་དུ་ཏཱ་ལའི་བླ་མའི་བསམ་ཚུལ་དང་བསྟུན་ཏེ། ཀྲུང་གོའི་སྲིད་གཞུང་གིས་བག་ཕེབས་པའི་ངང་ཏཱ་ལའི་བླ་མ་དང་བཞུགས་མོལ་གནང་རྒྱུའི་རེ་འདུན་ཡོད་ཚུལ་བརྗོད་པ་རེད། ཅེས་སོགས་བཀོད་འདུག

མཇུག་ཏུ་རྒྱ་རིགས་ཕན་ཀྲི་ཕེང་གིས་ཐེངས་འདིར་༧གོང་ས་མཆོག་དང་ར་བྷེ་ཡཱ་གཉིས་མཇལ་འཕྲད་སྐོར་ལ་དཔྱད་གཏམ་སྤེལ་བའི་ནང་། ཕྱི་ཚུལ་ནས་བལྟས་ན། ཏཱ་ལའི་བླ་མས་བོད་རང་བཙན་དང་ཞིན་ཅང་རང་བཙན་ལ་དེ་ཙམ་དོ་སྣང་བྱེད་ཀྱིན་མེད་ནའང་། ལྐོག་ཏུ་ཕན་ཚུན་བར་མཉམ་ལས་བྱེད་ཀྱིན་ཡོད་ཚུལ་དང་། ཟླ་ ༧ ཚེས་ ༡༤ ཉིན་ཕྱི་རྒྱལ་གསར་ལམ་ཁག་ཅིག་ཏུ་བཀོད་པའི་གནས་ཚུལ་ནང་། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་ཏཱ་ལའི་བླ་མར་འཕྲིན་ཡིག་བཏང་སྟེ། མཉམ་འབྲེལ་ཐོག་ཀྲུང་གོར་ངོ་རྒོལ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་སྐོར་བསྒྲགས་ཀྱང་། ཟླ་ ༧ ཚེས་ ༡༦ ཉིན་གྱི་ཨ་རིའི་གསར་ལམ་ཞིག་ཏུ་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས། ང་ཚོའི་ལག་ཏུ་དེ་འདྲའི་འཕྲིན་ཡིག་གཅིག་ཀྱང་འབྱོར་མེད་ཚུལ་བརྗོད་དེ་ངོས་ལེན་བྱས་མེད་ཚུལ་སོགས་བཀོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply