ནང་ཆེན་རྫོང་ཐོག་དུ་བོད་ཀྱི་རྒྱལ་དར་སྒྲེང་བ།
སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་ནས་བཤུས།
འབྲེལ་ཡོད་ནས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༦ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ནང་ཆེན་རྫོང་གི་ལྟེ་གནས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་དང༌། བོད་མི་རྣམས་ལ་རྒྱ་དམག་དང་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག དེ་ཡང་ཉིན་ཤས་སྔོན་ཡུལ་ཤུལ་ཁུལ་ཆོས་དོན་ལས་ཁང་ནས་ནང་ཆེན་རྫོང་ཁོངས་ཀྱི་ཚེས་བཅུ་དགོན་དང༌། སྐྱོ་བྲག་དགོན། དཔལ་མེ་དགོན། དགོན་ཞབས་དགོན་བཅས་དགོན་སྡེ་ཁག་བཞི་ལ་སྐམ་གློག་འཕྲུལ་ཆས་སོགས་ཀྱི་ཅ་དངོས་ཁག་ཅིག་སྤྲོད་འཆར་ཡོད་ཁོངས་ནས་དགོན་སྡེ་ཁག་ལ་དངོས་སུ་སྤྲད་སྐབས་ཅ་དངོས་ཁག་བཅུ་ཙམ་ཞིག་མ་ཚང་བར་བརྟེན། དགོན་ཞབས་དགོན་པའི་གྲྭ་པ་གཉིས་ནང་ཆེན་རྫོང་དུ་ཕྱིན་ནས་འབྲེལ་ཡོད་ཁག་ལ་བར་བཟས་བྱས་སྐོར་བཤད་དེ་བཅའ་དངོས་རྣམས་རྩིས་སྤྲོད་དགོས་པའི་རེ་སྐུལ་ཞུས་ཀྱང་དོན་འབྲས་མ་སོན་བར་ཕན་ཚུན་ཁ་རྩོད་སོགས་ཤོར་བ་མ་ཟད་གྲྭ་པ་དེ་གཉིས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག དེ་རྗེས་དགོན་ཞབས་དགོན་པའི་སྤྲུལ་སྐུ་སོགས་འབྲེལ་ཡོད་རྣམས་ཀྱིས་སྙན་ཞུ་ཕུལ་ཏེ་གྲྭ་པ་དེ་གཉིས་གློད་གྲོལ་གཏང་དགོས་པ་དང༌། གལ་སྲིད་གློད་གྲོལ་མ་བཏང་ཚེ་བོད་མི་རྣམས་ཀྱིས་བཟོད་དཀའ་བ་ཡིན་ཚུལ་བཅས་ཞུས་ཡོད་འདུག་ཀྱང་ཉིན་ཤས་རིང་དོན་འབྲས་སོན་པ་གང་ཡང་བྱུང་ཡོད་མི་འདུག དེ་རིང་ནང་ཆེན་རྫོང་ཁོངས་དཔལ་མེ་དགོན་དུ་བོད་ཀྱི་གཞས་པ་གཞས་མ་གྲགས་ཅན་ཁག་ཅིག་གདན་དྲངས་ཏེ་དགོན་པའི་མདུན་ཐང་དུ་མི་མང་འདུ་འཛོམས་ཤུགས་ཆེ་བྱུང་བའི་སྐབས་ཕྱི་དྲོ་ཆུ་ཚོད་ ༥།༠༠ པ་ཙམ་ལ་གློ་བུར་དུ་ཐང་ཆེན་གྱི་ཕྱི་ལོག་ནས་བོད་མི་སྐོར་ཞིག་གིས་ཀི་སྒྲ་སྒྲོག་བཞིན་སླེབས་པ་དང་མི་གཅིག་ཤིང་སྡོང་ཞིག་གི་རྩེར་འཛེགས་ནས་བོད་ཀྱི་རྒྱལ་དར་ཞིག་སྒྲེང་འཛུགས་བྱས་པ་ཡོད་འདུག་ཅིང༌། བོད་མི་རྣམས་ཀྱིས་སྐད་འབོད་འདྲ་མིན་བྱས་ཡོད་འདུག རྒྱལ་དར་སྒྲེང་མཁན་གྱི་མི་དེ་ཕྱི་ལོག་ཏུ་སྒུག་ཡོད་པའི་གྲྭ་པ་ཞིག་གི་སྦག་སྦག་གི་རྒྱབ་ལ་ཞོན་ནས་བྲོས་ཟིན་ཡོད་འདུག་པ་དང༌། ད་སྐབས་འཛིན་བཟུང་བྱ་ཐུབ་ཡོད་ཚོད་མི་འདུག ཁོང་གི་རོགས་པ་རྣམས་ནི་མི་མང་གི་ཁྲོད་དུ་གྲམ་ཟིན་ཡོད་འདུག སྐབས་དེར་རྫོང་འབྲིང་རིམ་སློབ་གྲྭ་དང་པོའི་སློབ་ཕྲུག་བཞི་ཙམ་གྱིས་ཕྱི་ལོག་ནས་གློག་བརྙན་དང་པར་ལེན་བྱས་པར་བརྟེན་ཉེན་རྟོག་པས་ཚ་འདེད་ཀྱིས་གཅར་རྡུང་ཚད་མེད་བྱས་ཡོད་འདུག་པ་དང༌། མི་མང་རྣམས་ཉེན་རྟོག་པ་དང་དམག་མིས་མཐའ་བསྐོར་ཡོད་འདུག དགོང་མོ་ཡུལ་ཤུལ་ཁུལ་གྱི་ལྟེ་གནས་སྐྱེ་རྒུ་མདོ་ནས་དྲག་ཆས་སྤྲས་པའི་དམག་མི་མང་པོ་ཞིག་འབྱོར་ཏེ་སྲང་མདོ་ཁག་སོ་སོར་དམག་མི་ ༢༠ ཙམ་བསྡད་ནས་བལྟ་སྲུང་གིས་དམ་བསྒྲགས་ཆེན་པོ་བྱེད་བཞིན་པའི་གནས་ཚུལ་འདུག་ཀྱང་བོད་མི་ཇི་ཙམ་ཞིག་འཛིན་བཟུང་བྱས་མིན་ཞིབ་ཕྲ་ཤེས་རྟོགས་བྱུང་ཡོད་མི་འདུག