ཁ་སང་ཕྱི་ཚེས་ ༢༥ ཉིན་ ཨི་རག་གི་རྒྱལ་ས་བྷ་གྷ་ཌི་ Bahdgad ནང་འཇིགས་སྐུལ་དྲག་སྤྱོད་པས་འབམ་རྫས་ཐེངས་གཉིས་ལ་གཡུགས་ཏེ། ཉུང་མཐར་མི་ ༡༣༢ ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། གཞན་མི་ ༥༠༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག
ཐེངས་འདིའི་འབམ་རྫས་དེ་གཉིས་རྒྱལ་སའི་སྤྱི་སྤྱོད་རླངས་འཁོར་ནང་བཞག་ཡོད་པ་དང་། སྲིད་དོན་ཉམས་ཞིབ་པ་ཚོས་བརྗོད་ན། དེ་ནི་ཨི་རག་གི་རྒྱལ་ས་བྷ་གྷ་ཌིར་ཡོད་པའི་སྲིད་གཞུང་དང་ཁྲིམས་ཁང་ལ་དམིགས་ནས་གཏོར་རྒོལ་བྱས་པ་ཡིན་ཚུལ་ཚོད་དཔག་བྱེད་ཀྱིན་ཡོད་འདུག དོན་རྐྱེན་འདིའི་ཐད་ཨི་རག་ནང་སྲིད་ལས་ཁུངས་ཀྱིས་མྱུར་སྐྱོབ་ཀྱི་བྱེད་སྒོ་སྤེལ་གྱིན་ཡོད་ནའང་། མི་ཤི་ཚད་ཀྱི་གྲངས་འབོར་ད་དུང་མང་དུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
ད་སྔ་དོན་རྐྱེན་འདིིའི་འབྱུང་རྐྱེན་དང་འབམ་རྫས་འཇོག་མཁན་སུ་ཡིན་གྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་མེད་ཀྱང་། ཨི་རག་གི་དྲག་སྤྱོད་དོན་རྐྱེན་ནི་ན་ནིང་ལས་ཅུང་ཉུང་དུ་ཕྱིན་ཡོད་མོད། ད་དུང་མུ་མཐུད་དྲག་སྤྱོད་ཚོགས་པས་ཨི་རག་གི་བདེ་འཇགས་དང་། མི་དམངས་ཀྱི་འཚོ་བར་ཕུང་དཀྲུག་སློང་གིན་ཡོད་འདུག