བཞུགས་སྒར་ངྷ་རམ་ས་ལའི་ཞི་བདེ་ལྷན་ཚོགས།

གལ་སྲིད་མི་ཞིག་ལ་འཛམ་གླིང་རང་བཞིན་གྱི་བསམ་བློ་ཞིག་ཡོད་ན། ཞི་བདེ་ལྷིང་འཇགས་དང་འཆམ་མཐུན་མཉམ་གནས་ཟེར་བ་དེ་རང་བཞིན་གྱིས་ཡོང་གིན་ཡོད་ལ། གོ་ལའི་དཔལ་འབྱོར་དང་ལོ་ལའི་ཁོར་ཡུག་སོགས་ཀྱང་གཅིག་གྱུར་ཆགས་འགྲོ་བ་རེད། ཁྱོད་རྒྱ་རིགས་དང་ང་བོད་རིགས། ཁོ་རྒྱ་གར་བ་ཟེར་བའི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་དེའང་མེད་པ་ཆགས་འགྲོ་བ་རེད། ཅེས་༧གོང་ས་མཆོག་གིས་ཞི་བདེ་ལྷན་ཚོགས་སྟེང་གསུངས་ཡོད།

 

ཨ་རིའི་ནང་བརྟེན་གཞི་བྱས་པའི་ Peace Jam སྒེར་རྩ་ཚོགས་པའི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༢༦ ཉིན་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་ཕྲུག་ཚོར་འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་གསུམ་གྱིས་འབྱུང་འགྱུར་སྤྱི་ཚོགས་ཞབས་ཞུའི་ལས་དོན་བྱེད་ཕྱོགས་དང་། འཛམ་གླིང་སྤྱི་ལ་ཕན་པའི་ཞི་བདེ་ལས་དོན་སྒྲུབ་ཕྱོགས་བཅས་ཀྱི་ཐད་ལམ་སྟོན་སྦྱོང་བརྡར་གནང་ཡོད་ལ། དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་བདེ་སློབ་གསོའི་ཚོགས་འདུ་ཞིག་ལྷན་ཚོགས་གནང་ཡོད། ཞི་བདེ་ལྷན་ཚོགས་དེའི་སྟེང་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་གྱི་རླབས་ཆེན་མི་སྣ་བཞི་ལྷན་ཞུགས་གནང་ཡོད་ཅིང་། དེ་དག་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བྱང་ཨེར་ལན་ཌིའི་ལྕམ་སྐུ་མཱ་རེ་ཌི་ཁམ་གྷིན་མ་གྷོའུ་རི་ Mairead Comgan Maguire མཆོག ཨ་རིའི་ལྕམ་སྐུ་རྗའོ་ཌའེ་ཝེ་ལེམ་སི་Jody Williams མཆོག ཨེ་རན་གྱི་ལྕམ་སྐུ་ཞཱེ་རིན་ཨེ་བྷ་ཌེ་ Shirin Ebadi  མཆོག་བཅས་ཡིན། གཞན་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་རྣམ་གཉིས་དང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་གཙོས་པའི་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་གཞུང་ཞབས་ལས་བྱེད་ཁག་ཅིག་དང་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་བཅས་ཚོགས་ཞུགས་གནང་ཡོད།  

 

སྐབས་དེར་བྱང་ཨར་ལན་ཌི་ནས་ཡིན་པའི་ལྕམ་སྐུ་མཱ་རེ་ཌི་ཁམ་གྷིན་མ་གྷོའུ་རི་མཆོག་གིས་གསུང་བཤད་གནང་དོན། ཐེངས་འདིར་བོད་པའི་སློབ་ཕྲུག་ཚོ་དང་བགྲོ་གླེང་བྱ་རྒྱ་བྱུང་བར་ཧ་ཅང་དགའ་བོ་བྱུང་ལ། ལྷག་པར་དུ་དེ་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་ཞི་བདེའི་ལྷན་ཚོགས་སྟེང་ཞུགས་ཐུབ་པ་འདི་ཧ་ཅང་སྐལ་བ་བཟང་བོ་རེད་དྲན་ཡོད། ༧གོང་ས་ཏཱ་ལའི་བླ་མ་ནི་འཛམ་གླིང་འདིར་དཀོན་མཆོག་གིས་ཆེད་དུ་གནང་བའི་སྐྱེ་བུ་དམ་པ་ཞིག་ཡིན། ད་ལྟའི་འཛམ་གླིང་མི་མང་གི་ནང་སེམས་ལ་ཆགས་སྡང་དང་། ང་རྒྱལ། ཕྱོགས་ཞེན་ཀྱིས་ཁེངས་ནས་ཡོད་ལ། སྤྱི་ཚོགས་ནང་དུ་འགྲན་རྩོད་དང་འཐབ་རྩོད་ཀྱིས་བཅུན་ནས་ཡོད། དེ་བཞིན། རྒྱལ་ཁབ་ཕན་ཚུན་བར་དམག་འཁྲུག་དང་བཙན་འཛུལ་སོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་གྱིན་ཡོད་སྟབས། ༧གོང་ས་ཏཱ་ལའི་བླ་མས་འཛམ་གླིང་གི་དཀའ་ངལ་ཡོད་ཚད་འཚེ་མེད་ཞི་བའི་ཐབས་ལ་བརྟེན་ཏེ་སེལ་དགོས་པའི་དྲན་གསོ་གཏོང་གིན་ཡོད། བོད་ཕྱི་ནང་གཉིས་ལྷན་འཛོམ་ཡོང་ཆེད་རྒྱ་ཕྱོགས་ལ་གུ་ཡངས་དང་དགོངས་པ་ཆེར་བཞེས་ཀྱིས་གྲོས་མོལ་གྱིོ་ལམ་ནས་དཀའ་རྙོག་སེལ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད། ད་ཆར་རྒྱ་ནག་དཔལ་འབྱོར་ཅི་ཙམ་སྟོབས་ཆེན་ཆགས་ཀྱིན་ཡོད་ཀྱང་། འཛམ་གླིང་ཆེན་པོའི་ཆ་ཤས་ཤིག་ལས་མ་འདས་སྟབས། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ངེས་པར་དུ་བརྩི་བཀུར་བྱ་དགོས་པ་ཆགས་ཡོད། ཅེས་གསུངས་བྱུང་།

 

དེའི་རྗེས་ཨ་རི་ནས་ཡིན་པའ་ལྕམ་སྐུ་རྗའོ་ཌའེ་ཝེ་ལེམ་སི་མཆོག་གིས་གསུང་བཤད་གནང་དོན། ཐེངས་འདི་ནི་ང་རང་ངྷ་རམ་ས་ལར་འབྱོར་ཐེངས་གཉིས་པ་དེ་ཡིན། ཐོག་མར་ངའི་བསམ་པར་འཛམ་གླིང་གི་མི་ཚང་མ་ཧ་ཅང་རྨོངས་འཐོམ་དང་གདུག་རྩུབ་ཅན་ཞིག་ཏུ་མཐོང་གིན་ཡོད། བྱམས་བརྩེ་སྙིང་རྗེ་ཟེར་བ་དེ་ལའང་རྒྱུས་མངའ་མེད། འོན་ཀྱང་། ༧གོང་ས་ཏཱ་ལའི་བླ་མར་མཇལ་རྗེས་གཞི་ནས་བོད་པ་དང་བྱམས་སྙིང་རྗེ་ཟེར་བ་དེ་ཤེས་པ་ཡིན། ཐེངས་འདིར་བོད་པའི་སློབ་ཕྲུག་ཚོར་འབྲེལ་འདྲིས་བྱས་ཏེ། ཁོང་ཚོ་དང་མཉམ་དུ་རྩེད་མོ་རྩེད་ཞོར་དུ་བྱམས་སྙིང་རྗེའི་སྐོར་ལ་གླེང་མོལ་བྱས་སྐབས། ང་ལ་ཚོར་བ་ཟབ་མོ་ཞིག་སྤྱིན་པ་ནི། ལོ་ངོ་ ༥༠ རིང་༧གོང་ས་ཏཱ་ལའི་བླ་མས་སྣེ་ཁྲིད་འོག བོད་པ་སྐྱབས་བཅོལ་བ་ཚོས་སོ་སོའི་ཆོས་ལུགས་རིག་གཞུང་སྲུང་སྐྱོབ་ཕུན་སུམ་ཚོགས་པོ་བྱས་ཡོད་པ་དེ་རེད། དེར་བརྟེན། སློབ་ཕྲུག་ཁྱེད་རང་ཚོ་བོད་པའི་མ་འོངས་པའི་སོན་རྩ་ཆགས་ཡོད་སྟབས། མུ་མཐུད་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ། སོ་སོའི་མི་རིགས་དང་རིག་གཞུང་ནམ་ཡང་བློས་གཏོང་བྱ་མི་རུང་། རྒྱ་ནག་གཅིག་པུ་མ་རེད་འཛམ་གླིང་གི་མགོ་ཁྲིད་མང་པོ་ཞིག་གི་བྱེད་སྤྱོད་ཧ་ཅང་ཐབས་སྐྱོ་བོ་རེད། ང་ཚོའི་ཨ་རིའི་གཞུང་ལ་མཚོན་ནའང་མི་རིགས་ནག་པོའི་སྲིད་འཛིན་ཞིག་བྱུང་བ་ཐོག་དང་པོ་ཆགས་ཡོད། འོན་ཀྱང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་དུས་ཨ་རིའི་གཞུང་འདི་ཡང་རྒྱ་ནག་གཞུང་གི་རྗེས་སུ་འགྲོ་བཞིན་ཡོད་པའི་སེམས་ཚོར་བྱུང་སོང་། དེ་ལ་ང་རང་བློ་འཚབ་ཆེན་པོ་ཡོད། ཅེས་གསུངས་སོང་།

 

ཡང་ཨེ་རན་ནས་ཡིན་པའི་ལྕམ་སྐུ་ཞཱེ་རིན་ཨེ་བྷ་ཌེ་མཆོག་གིས་གསུང་བཤད་གནང་དོན། ༧གོང་ས་ཏཱ་ལའི་བླ་མ་ལོ་ངོ་ ༥༠ རིང་བཙན་བྱོལ་དུ་བསྡད་དེ། མ་འོངས་བོད་པའི་རྗེས་འཛིན་པ་དག་སྐྱེད་སྲིང་ཡག་པོ་བྱས་འདུག ཁོང་གིས་ལོ་ངོ་འདི་དག་གི་རིང་ལ་འཚེ་བ་མེད་པ་དང་བྱམས་བརྩེའི་ཐད་ཕྱག་ལས་གནང་སྟེ། འཛམ་གླིང་མི་མང་གིས་དགའ་གུས་ཆེན་པོ་བྱེད་ཀྱིན་ཡོད། རྒྱལ་ཁབ་ལ་ས་མཚམས་མེད་པ་དང་། མི་རིགས་ལ་དབྱེ་འབྱེད་མེད་པ། སྐད་ཡིག་རིག་གཞུང་འདྲ་མཉམ་ཡིན་པ་བཅས་ཀྱི་ལྟ་བ་བཟུང་སྟེ། འཛམ་གླིང་རྒྱལ་ཁབ་ཁག་ལ་འཆམ་མཐུན་མཉམ་གནས་དང་། ཞི་བདེ་ལྷིང་འཇགས་ཀྱི་མཛུབ་སྟོན་བཟང་བོ་བྱས་ཡོད། སྤྱིར་བྱམས་བརྩེ་ནུས་སྟོབས་ཟེར་བ་དེ་ལེགས་ཉེས་ལ་མ་བལྟས་པར་གཞན་ལ་མགོ་སྒུར་ཆོག་ཆོག་ཅིག་མ་རེད། སོ་སོིའི་དགོས་འདུན་སྟེང་ཨུ་ཚུགས་ཀྱིས་འགྲེང་སྟེ། གཞན་ལ་འཚེ་བ་མི་བྱེད་པའི་བཟོད་བསྲན་གྱི་ནུས་པ་ཞིག་ལ་ཟེར་བ་རེད། འཛམ་གླིང་འདིར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བརྗེད་གྲབས་ཡོད་སྐབས་ཤིག་ལ། ༧གོང་ས་ཏཱ་ལའི་བླ་མས་སླར་ཡང་འཛམ་གླིང་ལ་རེ་བ་གསར་བ་ཞིག་དང་སྙིང་སྟོབས་གསར་བ་ཞིག་བསྐྲུན་ཡོད། སྤྱིར་ང་རང་གིས་སེམས་གཏིང་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མར་གུས་འདུད་བྱེད་ཀྱིན་ཡོད་མོད། བོད་རྒྱའི་གནད་དོན་ཐད་ནས་ཨོ་བྷ་མས་རྒྱ་ནག་ལ་རྣམ་འགྱུར་གསལ་བོ་ཞིག་སྟོན་མ་ཐུབ་པ་དེ་ལ་བློ་ཕམ་ཆེན་པོ་ཡོད། ཅེས་གསུངས་བྱུང་།

 

མཇུག་མཐར་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་དོན། ཁྱེད་ཅག་གིས་བོད་པའི་རྩ་དོན་ཐད་ལྷག་བསམ་རྣམ་དག་གིས་གདོང་སེམས་མཉམ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཚམས་རེར་དྲང་བདེན་མིན་པའི་བྱ་སྤྱོད་རིགས་སྟོབས་ཤུགས་ཆེན་པོ་ཡིན་ནའང་རིམ་གྱིས་ཁོངས་འཁྱོལ་གི་མ་རེད། ཉེ་ཆར་ཨ་རིའི་ཝན་ཁ་བར་ Vancouver ནང་གི་ཚོགས་འདུའི་སྐབས་མཁས་དབང་ཞིག་གིས་དུས་རབས་ཉི་ཤུའི་ནང་འཛམ་གླིང་གི་མི་ས་ཡ་ཉིས་བརྒྱ་ ༢༠༠༠༠༠༠༠༠༠ ལྷག་བསད་ཡོད་ཟེར། དུས་རབས་ཉི་ཤུ་དེ་དྲག་པོ་དང་གཏུམ་སྤྱོད། བཙན་འཛུལ་བཅས་ཀྱི་དུས་རབས་ཤིག་ཆགས་ཡོད། ང་རང་གི་བསམ་ན། སྐབས་དེའི་དབུ་ཁྲིད་ཚོ་ཉམས་མྱོང་དང་མཁྱེན་རྒྱ་དེ་ཙམ་མེད་པ་ཤ་སྟག་རེད། འོག་གི་མི་དམངས་ཚོས་ཞི་བདེ་དང་འཆམ་མཐུན། དྲང་བདེན་བཅས་ཀྱི་དགོས་འདུན་ཤུགས་ཆེན་བཏོན་ཏེ། རིམ་གྱིས་ཞི་བདེ་བག་ཕེབས་ལྟ་བུར་གནས་བ་རེད། དུས་རབས་ཉི་ཤུའི་སྔ་རྗེས་ལ་ཁྱད་པར་ཆེན་པོ་ཡོད། སྔོན་མ་མགོ་ཁྲིད་ཚོས་སོ་སོའི་འདོད་པ་ལྟར་ལག་ལེན་བསྟར་ཏེ། མི་མང་པོ་ཤི་རྨས་དང་བཀྲེས་ལྟོག་ཀྱི་སྡུག་བསྔལ་མྱངས་ཡོད། ང་རང་དུས་རབས་ཉི་ཤུའི་དཀའ་རྙོག་ཁྲོད་ཀྱི་མི་ཞིག་ཆགས་ཡོད། ཁྱེད་ཅག་གཞོན་སྐྱེ་ཚོ་ནི་དུས་རབས་ཉེར་གཅིག་གི་མི་ཡིན་སྟབས། ཕྱོགས་གང་ཐད་ནས་སྔར་ལས་ཅུང་གནས་སྟངས་ཡག་ཏུ་ཕྱིན་ཡོད།

 

སྤྱིར་འཚེ་བར་བརྟེན་ཏེ་དཀའ་ངལ་གཅིག་ཀྱང་སེལ་ཐབས་ཡོད་པ་མ་རེད། དུས་རབས་སྔ་མའི་ནང་མི་ས་ཡ་ཉིས་བརྒྱ་ལྷག་བསད་ཡོད། འོན་ཀྱང་དཀའ་ངལ་རང་འཇགས་གནས་ཡོད། འཛམ་གླིང་ཡོངས་རྫོགས་ངར་འཛིན་གྱི་བློ་འདིས་འཕུང་དུ་འཇུག་གིན་ཡོད། ང་ཟེར་བ་དེས་ཕྱོགས་ཞེན་དང་དབྱེ་འབྱེད། ཁྱད་གསོད་དང་བརྙེས་བཅོས་རིགས་ཡོང་གིན་ཡོད། དེ་བཞིན། རྒྱལ་ཁབ་ཅིག་ལ་མཚོན་ནའང་ང་དང་ཁྱེད་ཟེར་བ་འདིའི་དབང་གིས་ཕན་ཚུན་ལ་བཙན་འཛུལ་དང་གཉའ་གནོན། འཐེན་འཁྱེར་བཅས་ཀྱི་རྙོག་དྲ་ཡོང་གིན་ཡོད། གལ་སྲིད་མི་ཞིག་ལ་འཛམ་གླིང་རང་བཞིན་གྱི་བསམ་བློ་ཞིག་ཡོད་ན། ཞི་བདེ་ལྷིང་འཇགས་དང་འཆམ་མཐུན་མཉམ་གནས་ཟེར་བ་དེ་རང་བཞིན་གྱིས་ཡོང་གིན་ཡོད་ལ། གོ་ལའི་དཔལ་འབྱོར་དང་ལོ་ལའི་ཁོར་ཡུག་སོགས་ཀྱང་གཅིག་གྱུར་ཆགས་འགྲོ་བ་རེད། ཁྱོད་རྒྱ་རིགས་དང་ང་བོད་རིགས། ཁོ་རྒྱ་གར་བ་ཟེར་བའི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་དེའང་མེད་པ་ཆགས་འགྲོ་བ་རེད། ཅེས་གསུངས་སོང་།  

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

7 thoughts on “བཞུགས་སྒར་ངྷ་རམ་ས་ལའི་ཞི་བདེ་ལྷན་ཚོགས།

  1. ༧སྐྱབས་གཅིག་ཕྱག་ན་པདྨོའི་བྱིན་རླབས་ཀྱིས།།
    གླིང་འདིའི་འཚེ་བ་ཐམས་ཅད་ཞི་བ་དང།།
    མི་འདོད་སྡུག་བསྔལ་ཐམས་ཅད་བདེ་སྐྱིད་ཀྱིས།།
    སྐྱོབས་པའི་ཕུན་ཚོགས་དགེ་ལེགས་ཐོབ་པར་ཤོག།

  2. ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་རླབས་ཆེན་མི་སྣ་བརྒྱད་གྱིས་མཚན་རྟགས་བཀོད་པའི་ཕྱག་བྲིས་ཤིག་༸ བོད་མིའི་བླ་ན་མ་མཆིས་པའི་དབུ་འཁྲིད་གོང་ས་མཆོག་གི་ཕྱག་ཏུ་ཕུལ་ཏེ་གཉིས་ཕན་དབུ་མའི་ལམ་ནས་བོད་མི་ཚོར་རང་སྲིད་རང་སྐྱོང་ཞིག་རག་རྒྱུར་ཐུགས་འཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་བཞིན་ཡོད་པ་དེར་བསྔགས་བརྗོད་ཞུ།

    ༸ འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸ གོང་ས་མཆོག་གིས་གཙོས་པའི་ཞི་བདེའི་དེད་དཔོན་ཚོ་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་འདུན་ཞུ།