རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ།

རྒྱ་གར་གྱི་གྲོང་ཁྱེར་བྷེང་ལོར་ནང་རྒྱ་ནག་དང་ར་ཤི་ཡ། རྒྱ་གར་བཅས་ཀྱི་ཕྱི་སྲིད་བློན་ཆེན་གསུམ་མཇལ་འཕྲད་སྐབས་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་ཡོད།

ཁ་སང་སྟེ། ཕྱི་ཚེས་ ༢༧ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་ Yang Jeichi རྒྱ་གར་གྱི་གྲོང་ཁྱེར་བྷེང་ལོར་དུ་གཞུང་འབྲེལ་ཐོག་གཟིགས་སྐོར་དུ་ཕེབས་ཡོད་ལ། ཉིན་དེའི་སྔ་ཉིན་དེར་བྷེང་ལོར་དུ་མཐོ་རིམ་སློབ་གྲྭར་འགྲིམ་བཞིན་པའི་བོད་རིགས་སློབ་མ་དང་བྷེང་ལོར་ས་གནས་བོད་ཀྱི་གཞོན་ནུ་སོགས་ཀྱིས་ངོ་རྒོལ་བྱས་ཡོད།

དེ་བཞིན་ཁ་སང་ཞོགས་པའི་ཆུ་ཚོད་ ༡༠ ཙམ་ལ་བྷེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་འོག་སློབ་ཕྲུག་ ༡༤ ཙམ་གྱིས་ཞི་བའི་ངོ་རྒོལ་བྱེད་སྐབས་ཉེན་རྟོག་པས་བཟུང་ཡོད་འདུག ཁོང་ཚོས་ངོ་རྒོལ་བྱེད་སྐབས་༸གོང་ས་མཆོག་དང་ཞི་བའི་གྲོས་མོལ་མགོ་འཛུགས་ཀྱིས་ བོད་རྒྱའི་དཀའ་ཉོག་སེལ་དགོས་པ་དང་། བོད་ནང་ཆབ་སྲིད་བཙོན་མར་སྲོག་ཁྲིམས་གཅོད་པ་མཚམས་འཇོག་དང་གློད་གྲོལ་དགོས་པ་ སོགས་ཀྱི་དགོས་འདུན་ཁག་ཅིག་བཏོན་ཡོད་འདུག

དེ་ བཞིན་མེ་སོར་དུ་སྦེལ་ཀོབ་ས་གནས་བོད་ཀྱི་གཞོན་ནུ་དང་བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས། ཧོང་སུར་ས་གནས་བུད་མེད་དང་གཞོན་ནུ་སོགས་ཀྱིས་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། སྦེལ་ཀོབ་ས་གནས་བུད་མེད་ཚོགས་གཙོ་སྒྲོལ་མ་ལགས་ཀྱིས་བོད་རྒྱའི་དཀའ་ཉོག་མ་ སེལ་བར་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་ཉོག་ཀྱང་གཏན་ནས་སེལ་ཐུབ་ཀི་མ་ རེད། འདིའི་ཐད་དུ་སྐད་ཆ་བཤད་རྒྱུ་གང་ཡང་ལྷག་ཡོད་པ་མ་རེད་ཅེས་དང་། བོད་ནང་མུ་མཐུད་དྲག་གནོན་བྱེད་ཀྱིན་པར་མཚམས་འཇོག་དགོས་སྐོར་སོགས་གསུངས་འདུག

ཉིན་དེར་བཟུང་པའི་སློབ་ཕྲུག་ ༡༤ དེ་མདང་དགོང་ཆུ་ཚོད་ ༡༠ ཡས་མས་ཤིག་ལ་གློད་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ།

  1. བོད་ལ་རང་དབང་ཐོབ་ན་ད་བཟོད་རྒྱ་དཀར་ནག་གཉིས་ཀའི་མཐའ་མཚམས་དཀའ་ངལ་དེ་གཙང་སེལ་དུ་འགྲོ་རྒྱུ་རེད།

  2. ང་ཚོས་ཞི་བའི་ངོ་རྒོལ་རྟག་ཏུ་བྱེད་དགོས་ལ་མ་ཟད་ཁ་ཁུ་སིམ་མིར་མཚམས་འཇོག་བྱེད་མི་ཉན། ད་རེས་ངོ་རྒོལ་བྱས་པ་དེ་ཡང་དག་པ་ཞིག་རེད། རྒྱ་བོད་ཞི་འགྲིག་མ་བྱུང་གི་བར་ང་ཚོའི་ཞི་བའི་ངོ་རྒོལ་ཡང་བར་མཚམས་ནམ་ཡང་ཆད་མི་སྲིད།

    ཁ་སང་ཞི་བདེའི་ལྷན་ཚོགས་སྐབས་སུ་ཞི་བདེའི་ལྕམ་སྐུ་ཞིག་གིས་ཀྱང་རྒྱ་ནག་ནི་ག་ཚོད་ཀྱི་སྟོབས་ཆེན་ཞིག་ཡིན་ཀྱང་འཛམ་གླིང་ཆེན་པོའི་ཆ་ཤས་ཤིག་རེད་ཅེས་གསུངས་པ་ལྟར་ང་ཚོ་སྟེ།
    གངས་ཅན་གྱི་བོད་རྒྱལ་ཁབ་དང་མི་རིགས་དེ་ཡང་འཛམ་གླིང་ཁྱིམ་ཚང་ཆེན་མོའི་ཆ་ཤས་ཤིག་ཡིན་སྟབས་ང་ཚོས་ཀྱང་སོ་སོའི་ཐོབ་ཐང་དང་ཆ་ཤས་ལེན་ཐུབ་པ་ཞིག་ལ་ནམ་ཡང་རྩོད་ལེན་བྱེད་དགོས།

  3. གླག་སྨྱོན།

    ང་ཚོ་ནི་ཧ་ཅང་ས་ཁུགས་ཞིག་ན་ཡོད་པས་གནས་ཚུལ་དེ་རིང་མ་གཏོགས་ཤེས་མ་
    བྱུང་། ཡིན་ན་ཡང་ངོ་རྒོལ་བྱས་པ་ལ་མཐའ་ཅིག་ཏུ་དགའ་བསུ་ཞུ།

  4. སྐར་ཁྲི་བཙན།

    ངོ་རྒོལ་བྱ་བ་ནི་ཡག་པོ་རེད། དགྲ་ཐུབ་པ་མེད་ན་བསམ་པ་རེད། དགྲ་ཕྱོགས་སུ་ཐལ་བ་སྤར་མོ་གང་གཏོར་བའི་ནུས་པ་མ་གཏོགས་མེད་ཀྱང་གཏོར་རན་རེད། དྲ་གྲོགས་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱི་གསུངས་ལ་བསླུ་མ་མི་འདུག