རྒྱ་གཞུང་གིས་གནོན་ཤུགས་སྤྲད་པར་བརྟེན་བྷང་ལ་ཌེ་ཤི་རུ་བོད་ཀྱི་དཔར་རིས་འགྲེམས་སྟོན་ཞིག་ལ་འགོག་སྡོམ་བྱས་ཡོད་འདུག
ཕྱི་ཚེས་ ༣ ཉིན་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། བྷང་ལ་ཌེ་ཤི་རྒྱལ་ས་ཌ་ཀའི་ནང་ཡོད་པའི་ཌི་རིག་དཔར་རིས་འགྲེམས་སྟོན་ཁང་དང་ཡུལ་དེའི་ནང་ཡོད་པའི་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ཌི་རིག་དཔར་རིས་འགྲེམས་སྟོན་ཁང་དུ་བཙན་བྱོལ་དུ་བོད་མིའི་གནས་སྟངས་སྐོར་གྱི་པར་རིས་འགྲེམས་སྟོན་ཞིག་ཚེས་ ༡ ཉིན་མགོ་འཛུགས་གནང་རྒྱུ་བྱས་ཡོད་ཀྱང་། ཕྱི་ཟླ་ ༡༠ པའི་ཚེས་ ༣༡ ཉིན་ངྷང་ལ་ཌེ་ཤིའི་ཉེན་རྟོག་པས་འགྲེམས་སྟོན་དེ་ཕྱིར་འཐེན་བྱ་དགོས་སྐོར་བརྗོད་ཡོད་པ་དང་། ཕྱི་ཚེས་ ༡ ཉིན་ས་གནས་ཉེན་རྟོག་པས་འགྲེམས་སྟོན་ཁང་ལ་སྒོ་ཐེལ་བརྒྱབས་ཏེ་པར་རིས་འགྲེམས་སྟོན་བྱ་མི་ཆོག་པར་བཟོས་ཡོད་སྟབས། ཐེངས་འདིའི་གོ་སྒྲིག་གནང་མཁན་ཚོས་པར་རིས་དེ་དག་འགྲེམས་སྟོན་ཁང་གི་མདུན་གྱི་ལམ་འགྲམ་དུ་འགྲེམས་སྟོན་བྱས་ཡོད་འདུག
གནད་དོན་འདིའི་ཐད་ཧྥ་རན་སི་གསར་ཁང་གིས། བྷང་ལ་ཌེ་ཤིའི་ཕྱི་སྲིད་ལྷན་ཁང་ལ་འདྲི་བརྩད་བྱས་པར་ལྷན་ཁང་དེའི་མགྲིན་ཚབ་པ་མོ་ཧ་མ་རྡ་ཨིམ་རན་གྱིས། བྷང་ལ་ཌེ་ཤིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཆེན་མོས་ཁ་པར་བརྒྱུད་ང་ཚོའི་ཕྱི་སྲིད་དྲུང་ཆེར་འགྲེམས་སྟོན་འདིའི་སྐོར་བློ་འཚབ་ཡོད་ལུགས་གསུང་ཡོད་སྟབས། ང་ཚོ་གཞུང་ངོས་ནས་འགྲེམས་སྟོན་དེར་བཀག་འགོག་བྱས་པ་ཡིན་ཅེས་གསུངས་འདུག་པ་མ་ཟད། འགྲེམས་སྟོན་གོ་སྒྲིག་གནང་མཁན་སྐུ་ཞབས་ཤ་ཧི་རྡལ་ཨ་ལམ་གྱིས་ཀྱང་པར་རིས་འགྲེམས་སྟོན་དེ་སྟོན་མ་བཅུག་པར་བཟོ་བའི་རྒྱུ་རྐྱེན་རྒྱ་ནག་གི་གནོན་ཤུགས་ལས་བྱུང་བ་གསལ་བོ་ཡིན་ཚུལ་དང་། འདིའི་སྔོན་ཙམ་ལ་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་འགས་ཁོང་ལ་འགྲེམས་སྟོན་ཕྱིར་འཐེན་བྱ་དགོས་པའི་ཉེ་བརྡ་བཏང་ཡོད་ཚུལ་བརྗོད་ཡོད་པ་རེད།