རྒྱ་གར་གཞུང་གིས་ཐེངས་འདིའི་༸གོང་ས་མཆོག་གི་ཨ་རུ་ན་ཅཱལ་གྱི་མཛད་འཆར་སྐབས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་བཀག་འགོག་བྱས་ཡོད་འདུག
ཕྱི་ཚེས་ ༥ ཉིན་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། འདི་ཟླའི་ཚེས་ ༨ ཉིན་༸གོང་ས་མཆོག་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེའི་མོན་རྟ་དབང་དུ་ཆིབས་བསྒྱུར་གནང་བའི་སྐབས་འདི་དང་བསྟུན། རྒྱ་གར་གཞུང་གིས་ཡུལ་དེར་ཕྱི་རྒྱལ་གྱི་གསར་འགོད་པ་དང་གསར་འགྱུར་བརྒྱུད་ལམ་ཁག་གི་འབྲེལ་མཐུད་པ་སོགས་ལ་ཐེངས་འདིའི་༸གོང་ས་མཆོག་གི་མཛད་འཕྲིན་སྐོར་གྱི་གནས་ཚུལ་མཁོ་སྒྲུབ་བྱ་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། གནས་ཚུལ་མཁོ་སྒྲུབ་གནང་མཁན་ཚོར་དོགས་ཟོན་དང་སྟངས་འཛིན་ནན་མོ་བྱེད་ཀྱིན་ཡོད་འདུག
གནས་ཚུལ་འདིའི་ཐད་ཨེ་པེ་གསར་ཁང་གིས་གནས་ཚུལ་སྤེལ་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅཱལ་མངའ་སྡེ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་བའི་སྐབས་འདིར་རྒྱ་གར་གཞུང་གིས། རྒྱ་གར་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུར་བཀའ་ཁྲོལ་གནང་གིན་མེད་པ་མ་ཟད། དེ་སྔོན་བཀའ་ཁྲོལ་ཐོབ་ཟིན་པ་ཨེ་པེ་གསར་ཁང་གི་གསར་འགོད་པ་ ༢ དང་གསར་ཁང་གཞན་གྱི་གསར་འགོད་པ་ ༢ བཅས་ཀྱི་བཀའ་ཁྲོལ་ཡི་གེ་ཕྱིར་བསྡུ་བྱས་ཡོད་པའི་གནས་ཚུལ་བཀོད་འདུག་ལ། གནད་དོན་འདིའི་ཐད་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧེ་ཊར་ཊེ་མེན་སི་ཡིས་བརྗོད་དོན། ཐེངས་འདིའི་༸གོང་ས་ཏཱ་ལའི་བླ་མའི་ཨ་རུ་ན་ཅཱལ་མངའ་སྡེ་ཁུལ་གྱི་མཛད་འཆར་སྐབས་རྒྱ་གར་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་གནས་ཚུལ་མཁོ་སྒྲུབ་ཀྱི་བཀའ་ཁྲོལ་ཕྱིར་འཐེན་བྱས་པ་དེ་ང་ཚོ་ཧང་སང་བ་དང་བློ་ཕམ་ཆེན་པོ་བྱུང་སྐྱེས་ཡོད་ཅེས་འགྲེལ་བརྗོད་གནང་འདུག་ལ། ད་ལྟའི་ཆར་རྒྱ་གར་གཞུང་ངོས་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་ཐེངས་འདིའི་༧གོང་ས་མཆོག་གི་ཆིབས་བསྒྱུར་གནང་ཡུལ་དུ་ཕེབས་ཆོག་མིན་གནས་ཚུལ་ཅི་ཡང་གསལ་བཤད་བྱས་མེད་པ་རེད།