ཁོང་ཚོ་སྐྱོབ་ཐུབ་བམ།

དབུས་ཕྲུག་ཚེ་རིང་གི་ཟིན་བྲིས་ལས་བཤུས།

བོད་པ་བརྒྱ་སྐོར་ཞིག་གིས་རྒྱ་ནག་གི་ཁེ་ལས་ཚོང་གཉེར་ཁང་ལ་ངོ་རྒོལ་བྱས་པར་བརྟེན་རྒྱ་གཞུང་གིས་ཁོང་ཚོ་བཀར་ཉར་བྱས་འདུག

ལོ་ངོ་གཉིས་ཙམ་གོང་ནས་རྒྱ་ནག་གི་ཁེ་ལས་ཚོང་གཉེར་ཁང་ཞིག་གི་མགོ་སྐོར་བསླུ་བྲིད་འོག་ཚུད་པའི་ནང་ནས་བོད་མི་བརྒྱ་ལྷག་ཙམ་ཞིག ཉེ་སྔོན་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང༌། ཐེན་ཅིང་ནང་འཛོམས་ཏེ་ཚོང་ལས་ཁང་དེར་ངོ་རྒོལ་དང་དངུལ་ཕྱིར་སློག་དགོས་པའི་ལས་འགུལ་སྤེལ་ཡང༌། གཞུང་ཕྱོགས་ནས་གནས་ཚུལ་དེར་ཉན་འཇོག་མ་བྱས་པ་དང༌། ད་དུང་ཚོང་ལས་ཁང་དེ་དང་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་ལ་ཁ་པར་བཏང་ཡང་ཚང་མས་འབྲེལ་བ་མེད་པའི་སྐོར་བརྗོད་པ་དང༌། ཁ་པར་གྱི་བརྒྱུད་ལམ་བཀག་པ་སོགས་བྱས་ཏེ་འུ་ཐུག་གི་གནས་ལ་གྱར་ཡོད། ཁྲིམས་རྩོད་པ་ལེན་པར་དངུལ་མང་པོ་མེད་པ། དགུན་ཁ་ཟིན་ཡོད་དུས་གནམ་གཤིས་འཁྱགས་པས་གྱོན་གོས་ཀྱིས་མི་འདང་བ། འཚོ་བའི་ཐད་དཀའ་ངལ་ཡོད་པ། ས་གནས་གཞུང་གིས་དཔལ་འབྱོར་གྱི་རོགས་པ་བྱེད་རྒྱུ་ལྟ་ཅི། མི་དམངས་རྣམས་ཀྱང་གཞུང་ལ་འཇིགས་སྣང་གིས་རོགས་པ་བྱེད་མི་ཐུབ་པ་སོགས་ཚད་ལས་འདས་པའི་དཀའ་སྡུག་མྱོང་བཞིན་ཡོད།

ཁོང་ཚོའི་རེ་བར་གནས་ཚུལ་འདི་བདུན་ཕྲག་གཅིག་གཉིས་ནང་ཐག་ཆོད་པ་དང༌། དེ་མིན་འཛམ་གླིང་མི་དམངས་ཡོངས་ཀྱིས་གོ་ཐོས་སུ་འགྱུར་རྒྱུ་དེ་ཡིན་ཟེར། ཁོང་ཚོས་ཀྱང་གནས་ཚུལ་དེ་ཐག་གཅོད་ཡག་པོ་མ་བྱུང་བར་ས་གནས་དེ་གར་ངོ་རྒོལ་བྱས་ནས་སྡོད་རྒྱུ་ཡིན་ཞེས་ཐག་བཅད་འདུག

སྟབས་མ་ལེགས་པར་བོད་མི་དེ་དག་ལ་ཁ་སང་གཞུང་ཕྱོགས་ཀྱི་གསར་འགྱུར་ཁག་གིས་འདྲི་བརྩད་བྱས་པ་དང༌། དེ་རིང་ཞོགས་པ་སྔ་པོ་ནས་གཞུང་གིས་ཉེན་རྟོག་པ་དང་དམག་མི་མང་པོ་བཏང་སྟེ་བོད་མི་རྣམས་བཀག་ཉར་བྱས་པའི་གནས་ཚུལ་ཐོན་ཡོད། རྒྱ་རིགས་མི་དམངས་ལ་གནས་ཚུལ་དེ་ཚོའི་རིགས་བྱུང་ཚེ་གཞུང་ཕྱོགས་ནས་གཞུང་གི་ས་གནས་འགོ་དཔོན་ཁག་ཀྱང་གནས་དབྱུང་བཏང་བ་དང༌། ལས་གནས་སྤོར་བ་སོགས་བྱུང་ཡོད་ཀྱང་གྲངས་ཉུང་མི་རིགས་ཀྱི་ཐོག་དྲང་བདེན་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཞེས་པ་སོགས་ནུས་མེད་དང་བེད་མེད་རང་རེད༌། གང་ལྟར་ཁོང་ཚོའི་འབོད་སྒྲ་དེ་འཛམ་གླིང་མི་དམངས་དང་རྒྱལ་ཁབ་ཚོས་ཐོས་ཀྱང་སུ་ཞིག་གིས་སྐྱབས་ཐུབ་ཀྱི་རེད་དམ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

5 thoughts on “ཁོང་ཚོ་སྐྱོབ་ཐུབ་བམ།

  1. ཀླུ་སྨྱོན།

    སྙིང་རྗེ། ཁོ་ཚོ་ཡང་ང་ཚོ་དང་འདྲ་བར་འཆི་ལམ་ཉག་གཅིག་ལས་རེ་བ་རྟ་རྔ་ཙམ་ཡང་ཡོད་ནི་མ་རེད།