ཕྱི་ཡི་རྣམ་པ་སྐྱོབ་གསོ་རེད། ནང་གི་ཀུན་སློང་ཞིབ་བཤེར་རེད།

ལོ་འདིའི་ཕྱི་ཟླ་ ༡༠ པ་ནས་བཟུང་རྒྱ་གཞུང་གིས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་ཀྱི་གྲོང་གསེབ་ཁག་ཏུ་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེའི་རྣམ་པ་སྐྱོབ་གསོ་ཡིན་ཡང་། དོན་དངོས་སུ་རྒྱ་གར་སོགས་ཕྱི་ཕྱོགས་ནས་ཁྱིམ་ཚང་དེར་འབྲེལ་བ་བྱེད་མཁན་ཡོད་མེད་དང་། ཁྱིམ་ཚང་དེའི་ནང་མི་ཕྱི་ཕྱོགས་རྒྱལ་ཁབ་ན་ཡོད་མེད་ལ་བརྟག་དཔྱད་བྱ་ཐབས་ཀྱི་ལས་འགུལ་ཞིག་ཡིན་འདུག

ད་སྐབས་རྒྱ་གཞུང་གིས་བོད་མི་རྣམས་ལ་འཁོར་སྐར་བསྡུ་གཏོང་མ་ལག་རེ་སྤྲོད་བཞིན་ཡོད་པ་དང་། འཁོར་སྐོར་བསྡུ་གཏོང་མ་ལག་དེས་ཁྱིམ་ཚང་དེར་ཕྱི་ཕྱོགས་ནས་ཁ་པར་ཡོང་བ་དང་། ཡང་ན་ཕྱི་ཕྱོགས་ནས་དྲ་རྒྱ་དང་སྦྲགས་ཏེ་འབྲེལ་བ་བྱས་པ་ཡིན་ན་འཁོར་སྐར་བསྡུ་གཏོང་མ་ལག་དེས་རྒྱ་ནག་གི་སྤྱི་བདེ་མི་སྣར་གསལ་བཤད་བྱེད་ཐུབ་པའི་ལས་འགུལ་ཞིག་ཡིན་འདུག

རྒྱ་གཞུང་གིས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས། བོད་ཀྱི་གྲོང་གསེབ་ཁག་ཏུ་ཁྱིམ་ཚང་རེར་བརྙན་གཟུགས་བསྡུ་ལེན་བྱེད་ཐུབ་པའི་འཁོར་སྐར་མ་ལག་རེ་སྤྲད་ཀྱིན་ཡོད་པ་དང་། ཁོང་ཚོས་མ་ལག་དེ་སྤྲད་སྐབས་མང་ཚོགས་ལ། ཁྱེད་རང་ཚོའི་བརྙན་འཕྲིན་ཐོག་འཁོར་སྐར་མ་ལག་འདི་བཞག་པ་ཡིན་ན། བརྙན་འཕྲིན་གསལ་བོར་ལྟ་ཐུབ་པ་དང་། འདི་ནི་རྒྱ་གཞུང་གིས་བོད་ལ་སྐྱོབ་གསོ་བྱས་པའི་རྣམ་པ་ཞིག་ཡིན་རབས་སོགས་བརྗོད་ཀྱིན་འདུག་ཟེར།

ཡིན་ནའང་། ཟླ་འདིའི་ཚེས་མགོར་སྟག་རྩེ་རྫོང་ཁོངས་ཀྱི་གྲོང་གསེབ་ཅིག་ཏུ་ཕྱི་ཕྱོགས་ནས་ཁ་པར་ཡོང་བར་བརྟེན། འཁོར་སྐར་མ་ལག་དེའི་ནང་ཕྱི་ཕྱོགས་ཀྱི་ཁ་པར་ཨང་གྲངས་དང་། རྒྱལ་ཁབ་གང་ནས་གཏོང་གི་ཡོད་མེད། ཁ་པར་ནང་སྐད་ཆ་ག་རེ་བཤད་ཡོད་མེད་སོགས་གསལ་བོར་བསྡུ་ལེན་བྱས་ཡོད་པར་བརྟེན། ཁྱིམ་ཚང་དེའི་ནང་མི་ཡོངས་དང་། གཞན་ཁྱིམ་ཚང་བཞི་ལྔ་ཞིག་གི་ནང་ཡང་གནས་ཚུལ་དེ་འདྲ་ལྷག་ནས། ད་སྐབས་རྒྱ་གཞུང་གིས་ཁྱིམ་ཚང་དེ་དག་གི་ཁྱིམ་བདག་ཚོ་བཀག་ཉར་བྱས་ནས་འདྲི་གཅོད་ནན་མོ་བྱེད་ཀྱིན་ཡོད་འདུག

ཁྱིམ་བདག་ཚོས། ང་ཚོར་ཉེས་པ་མེད་ཚུལ་དང་། དོན་མེད་དུ་བཀག་ཉར་བྱེད་མི་ཆོག་པའི་སྐད་ཆ་མང་བོ་བཤད་ཡོད་ཀྱང་། རྒྱ་ནག་གི་སྤྱི་བདེ་མི་སྣས་ལན་གཅིག་ཀྱང་མི་རྒྱག་པར་ཁོང་ཚོའི་མདུན་དུ་གློག་གླད་ནང་བརྙན་གཟུགས་བསྟན་ནས། ཉེ་ལམ་ཁ་པར་ནང་སུ་དང་འབྲེལ་བ་བྱས་ནས་སྐད་ཆ་ག་རེ་ལབ་ཡོད་མེད་དང་། རྒྱལ་ཁབ་གང་ནས་འབྲེལ་བ་བྱས་མིན་སོགས་གསལ་བོར་གློག་གླད་ནང་བསྟན་ཡོད་འདུག 

བོད་ནང་ནས་གནས་ཚུལ་མཁོ་སྒྲུབ་པས་བཤད་པ་ལྟར་ན། ཉེ་ལམ་རྒྱ་གཞུང་གིས་ཁོང་ཚོའི་གྲོང་གསེབ་ཁག་ཏུ་མི་འབོར་ཞིབ་བཤེར་བྱས་ཡོད་པ་དང་། མི་འབོར་ཞིབ་བཤེར་དེ་ཏག་ཏག་ཅིག་མ་བསྡད་པར་བརྟེན། རྐང་བཙུགས་ནས་འཁོར་སྐར་མ་ལག་དེ་འདྲ་སྤྱད་དེ་ཁྱིམ་ཚང་སུ་སུ་ལ་ཕྱི་ཕྱོགས་ཀྱི་འབྲེལ་བ་ཡོད་མེད་དང་། ཁྱིམ་ཚང་དེའི་ནང་མི་རྒྱ་གར་སོགས་ཕྱི་རྒྱལ་ན་ཡོད་མེད། ཁ་པར་ནང་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་ག་རེ་བཤད་ཀྱིན་ཡོད་མེད་སོགས་ལ་ཞིབ་བཤེར་བྱེད་ཐབས་ཤིག་རེད་ཟེར།

རྒྱ་གཞུང་གིས་དང་པོ་མ་ལག་དེ་སྤྲད་དུས་བོད་མི་མང་ལ་སྐྱོབ་གསོ་སྤྲད་པའི་འགྲེལ་བཤད་བརྒྱབས་ཡོད་པར་བརྟེན། མི་མང་གིས་ཀྱང་སྐྱོབ་གསོ་རང་ཡིན་པར་བསམ་ནས་བླངས་ཡོད་པ་རེད། ཡིན་ནའང་། ཉེ་ལམ་སྟག་རྩེ་རྫོང་ཁོངས་ཀྱི་ཁྱིམ་ཚང་ཞིག་གི་ནང་མི་ཡོངས་དང་། གཞན་ཁྱིམ་བདག་ལྔ་དྲུག་ཙམ་ཞིག་རྒྱ་གཞུང་གིས་བཀག་ཉར་བྱས་ཡོད་པ་དང་། གནས་ཚུལ་དེ་འཁོར་སྐར་མ་ལག་བརྒྱུད་ནས་ལྷག་པ་ཡིན་སྟབས། ད་སྐབས་གྲོང་གསེབ་ཚང་མས་ཕར་ཚུར་ལ་བཤད་ནས། ཉེ་ལམ་རྒྱ་གཞུང་གིས་རིན་མེད་དུ་སྤྲད་པའི་འཁོར་སྐར་མ་ལག་དེ་ཡོད་ན་ཕྱི་ཕྱོགས་ནས་ཁ་པར་ཡོང་དུས་གཟབ་གཟབ་གནང་དགོས་ཚུལ་མང་བོ་བཤད་ཀྱིན་འདུག་ཟེར།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “ཕྱི་ཡི་རྣམ་པ་སྐྱོབ་གསོ་རེད། ནང་གི་ཀུན་སློང་ཞིབ་བཤེར་རེད།

  1. བོད། ཤ་ཁྲག་རུས་གསུམ།

    གདུག་རྩུབ་ཅན་གྱིས་མི་དག་གིས་རང་ཉིད་ལ་འཆི་བ་ཟེར་བ་ཞིག་ཡོང་རྒྱུ་ཡོད་པ་གཏན་ནས་དྲན་ཐུབ་ཀྱི་མེད་པ་དེ་ཡིས་ལན་ཡོད་པ་རེད། ཡིན་ཡང་། ཤེས་དུས་ཉིན་མོ་ཞིག་སླེབས་སྲིད་ཀྱང། དེ་དུས་གང་ཡང་ཕན་མི་སྲིད་པ་རེད། དེ་ནི་འཇིག་རྟེན་འདིའི་སྟེང་གི་མི་ཧམ་སེམས་ཅན་མང་ཤོས་ཤིག་གི་ཤི་སྟངས་རེད་ཟེར་ན་ཆོག

  2. ཐ་ཧྭར་སྐལ་བཟང་།

    རྒྱ་གུང་ཇག་ནི་ཁ་བྲལ་བ་ཡིན་པས། མི་ལོ་དྲུག་ཅུའི་རིང་བོད་གཙོས་པའི་གྲངས་ཉུང་མི་རིགས་ལ་ཁ་བྲལ་གྱི་ལས་འགུལ་སྤེལ་བཞིན་པ་ནི་ང་ཚོས་མཐོང་གསལ་རེད། བཙན་འཛུལ་ཇག་པའི་གདུག་རྩུབ་འོག་གནས་པའི་མི་རྣམས་དངོས་དོན་གྱི་བཙོན་པ་རང་དུ་གྱུར་བཞིན་ཡོད་པའི་གནས་ཚུལ་ཚབས་ཆེན་འདིས། འགྲོ་བ་མི་ཞིག་གི་གཞི་རྩའི་ཐོབ་ཐང་ལ་བརྡབ་གསིག་གཏོང་བཞིན་ཡོད་ཀྱང༌། ཇག་པ་དང་མཉམ་འབྲེལ་བྱེད་བཞིན་ཡོད་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དམ་ཆབ་སྲིད་པ་ཉོ་ཚོང་མཁན་ཚོས་ཇག་པ་རྒྱ་ཡན་དུ་གཏོང་བའི་མཇུག་འབྲས་བློས་མི་བཟོད་པ་ཞིག་ཡོང་བཞིན་པ་རེད།

  3. གཅན་བཟོད་རྒྱམ།

    རྒྱ་དམར་སྲིད་གཞུང་འདིས་ནམ་ཞིག་བོད་ནང་གི་བོད་མི་ཚོས་ཁ་སྣ་གཉིས་ནས་དབུགས་བཏང་ནའང་སྐབས་དེའི་ནང་སེམས་ལ་ཅི་ཞིག་དྲན་གི་ཡོད་མེད་ཤེས་འདོད་བྱེད་ས་རེད།