བྱང་ཨ་རིར་བོད་མི་བཙན་བྱོལ་བ་ཁྲི་གཅིག་དང་སྟོང་ཕྲག་ལྔ་ཙམ་གནས་སྡོད་བྱས་ཡོད་པ་དང་། གནས་སྡོད་ས་ཁུལ་གྱི་མི་དམངས་ཀྱིས་དུས་རྒྱུན་བོད་པ་བཙན་བྱོལ་བ་དག་ལ་ཐུགས་ཁུར་དང་རོགས་རམ་རྒྱབ་སྐྱོར་གནང་བར་བརྟེན། བྱང་ཨ་རིའི་བོད་རིགས་མཐུན་ཚོགས་ཀྱིས་ཉེ་སྔོན་མཛའ་འབྲེལ་འདུ་འཛོམས་ཤིག་བསྡུས་ཏེ་འདས་པའི་དུས་ཡུན་རིང་པོའི་ནང་བོད་པ་བཙན་བྱོལ་བ་རྣམས་ལ་ཐུགས་ཁུར་གནང་མཁན་གྱི་ཨ་རིའི་མི་དམངས་ལ་ཐུགས་རྗེ་ལེགས་གསོལ་ཞུས་ཡོད་པ་རེད།
ཕྱི་ཟླ་ ༡༡ པའི་ཚེས་ ༡ ཉིན། བྱང་ཨ་རིའི་ཁུལ་དུ་བོད་པ་བཙན་བྱོལ་བའི་མི་གྲངས་མང་ཤོས་ཀྱི་གྲོང་ཁྱེར་སན་ཧྥ་རན་སེ་ཁའོ་ཡི་གྲོང་ཁྱེར་བྷེར་ཁེ་ལི་ཡི་གསོལ་མགྲོན་ཁང་ཞིག་ཏུ་བྱང་ཨ་རིའི་ཁུལ་གྱི་མི་དམངས་ལ་ཐུགས་རྗེ་བཀའ་དྲིན་ཞུ་ཆེད་མཛའ་འབྲེལ་འདུ་འཛོམས་ཤིག་ཚོགས་ཡོད་པ་དང་། འདུ་འཛོམས་དེར་སྐུ་མགྲོན་ ༣༠༠ ལྷག་ཕེབས་ཡོད་འདུག ཁོང་ཚོའི་ཁྲོད་ཀྱི་མང་ཆེ་བ་ནི་ས་གནས་དེར་གནས་སྡོད་ཀྱི་བོད་མི་བཙན་བྱོལ་བ་རྣམས་ལ་དུས་རྒྱུན་ཐུགས་ཁུར་དང་རོགས་རམ་རྒྱབ་སྐྱོར་གནང་མཁན་གྱི་སྤྱིར་བཏང་གི་ཨ་རིའི་ཡུལ་མི་ཡིན་པ་དང་། བོད་མི་བཙན་བྱོལ་བ་ཚོས་ཀྱང་དུས་རྟག་ཏུ་ཁོང་རྣམས་ཀྱི་བཀའ་དྲིན་སྙིང་ལ་བཅིངས་ཡོད་པ་རེད།
བྱང་ཨ་རིའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐོས་བསམ་ལགས་ཀྱིས་འདུ་འཛོམས་མཛད་སྒོའི་གཏམ་བཤད་གནང་དོན། དེ་རིང་ནི་བོད་མི་བཙན་བྱོལ་བ་ཁྲི་བཅུ་ལྷག་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་ཡུལ་གྱར་བྱས་ཏེ་མི་ལོ་ཧྲིལ་བོ་ ༥༠ འཁོར་བ་དང་། དེ་བཞིན་ང་ཚོས་འདས་པའི་དུས་རབས་ཕྱེད་ཀའི་རིང་བོད་མི་དམངས་ཀྱིས་མྱངས་པའི་བརྗོད་ལས་འདས་པའི་དཀའ་སྡུག་ལ་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ཀྱང་ཡིན། ང་ཚོར་ཨ་རིའི་མི་དམངས་ཀྱི་རོགས་རམ་ཐུགས་ཁུར་ལ་བརྟེན་ནས་དཀའ་སྡུག་གི་ལོ་ཟླའི་ཁྲོད་བདེ་སྐྱིད་ལོངས་སུ་སྤྱོད་པའི་བགོ་སྐལ་ཐོབ་པ་རེད་ཅེས་བརྗོད་ཡོད།
བྱང་ཨ་རིའི་བོད་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་ལགས་ཀྱིས་ཀྱང་། ཁྱེད་ཚོས་ང་ཚོ་བཙན་བྱོལ་བ་རྣམས་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་ཁྱེད་ཅག་གིས་ང་ཚོའི་བོད་ཀྱི་དཀའ་སྡུག་གི་གནས་སྟངས་ཏེ་འཛམ་གླིང་གིས་ཤེས་རྟོགས་ཡོང་བར་རྒྱབ་སྐྱོར་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། ཅེས་བརྗོད་ཡོད་པ་རེད།
ཨ་རིའི་སན་ཧྥུ་རན་སི་སུ་ཁོ་ས་ཁུལ་དུ་གནས་སྡོད་བྱས་ཡོད་པའི་བོད་པ་བཙན་བྱོལ་བ་དག་གིས་རང་ཉིད་ཀྱི་བཟང་སྤྱོད་དང་། ཞི་བདེ། ལྷག་བསམ། འབད་བརྩོན་བཅས་བརྒྱུད་ནས་བྱང་ཨ་རིའི་ས་གནས་མི་དམངས་ཀྱི་དགའ་མགུ་ཐོབ་ཡོད་པ་རེད། ལྕམ་ཌར་ལེ་ནེ་ མར་ཁོ་ཝེ་ཆི་ Darlene Markovich ལགས་ནི་བོད་མི་བཙན་བྱོལ་བ་དག་ལ་འབྲེལ་འདྲིས་ཟབ་མོ་ཡོད་མཁན་ཞིག་ཡིན་འདུག་ལ། ཁོ་མོས་དེ་སྔོན་བོད་པ་བཙན་བྱོལ་བ་ ༩ ལ་རང་ཉིད་ཀྱི་བཟོ་གྲྭའི་ནང་ལས་ཀ་སྤྲད་ཡོད་པ་དང་། ཁོ་ཚོ་ནི་ཨ་རིའི་གཞུང་གིས་ངེས་ལེན་ཡོད་པའི་བོད་བ་བཙན་བྱོལ་བ་རྐྱང་ཡིན་འདུག ཁོ་མོས་བརྗོད་རྒྱུར། མ་གཞི་བོད་མི་རིགས་ནི་སྤྲོ་སྣང་ཅན་གྱི་མི་རིགས་ཤིག་རེད། ཁོ་ཚོ་དཀའ་སྡུག་ཅི་འདྲ་ཞིག་ལ་འཕྲད་ཡོད་ནའང་རང་གི་ཉེ་འཁྲིས་ཀྱི་མི་རྣམས་འཛུམ་མདངས་ཁོ་ནས་བསུ་བར་བྱེད། དང་ཐོག་ངས་ཀྱང་ལྡོག་ཕྱོགས་ཀྱི་ཚུར་སྣང་དེར་ཧ་ཅང་མཚར་སྣང་སྐྱེས་མྱོང་། དེ་རྗེས་ངས་དེའི་རྒྱུ་མཚན་ཤེས་རྟོགས་བྱུང་སོང་། དེ་ནི་ནུབ་ཕྱོགས་པ་རྣམས་ཀྱིས་དུས་རྒྱུན་མི་གཞན་དང་ཕྱི་རོལ་གྱི་མཐུན་རྐྱེན་ལ་བརྟེན་ནས་བདེ་སྐྱིད་འཚོལ་བཞིན་པ་དང་མི་འདྲ་བར། བོད་མི་རྣམས་ཀྱིས་ནང་བསམ་བློའི་ཐོག་ནས་བདེ་སྐྱིད་འཚོལ་གྱིན་འདུག ཁོ་ཚོ་དཀའ་སྡུག་གི་འཚོ་བའི་ཁྲོད་དུའང་ནང་སེམས་སྤྲོ་སྐྱིད་ཀྱིས་ཁེངས་འདུག དེ་ནི་བོད་མིའི་སྣང་བརྙན་ངོ་མ་དེ་རེད། འདི་ནི་ཁོ་ཚོའི་རིག་གཞུང་རེད་ལ། ཆེས་རྩ་ཆེ་ཞིང་དྭངས་གཙང་ལྷད་མེད་ཀྱི་བོད་པའི་རིག་གཞུང་གི་ངོ་བོའང་རེད། ཅེས་བརྗོད་ཡོད་འདུག
བོད་མི་བཙན་བྱོལ་བ་མང་པོའི་གྲོགས་པོར་གྱུར་ཡོད་པའི་སྐུ་ཞབས་ Dennis Cusack ལགས་ནི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་། ཁོང་གིས་ཉེ་སྔོན་ <<ཞི་བ་ལ་ཕྱོགས་པའི་བོད།>> ཅེས་པའི་དེབ་ཞིག་ཀྱང་བརྩམས་ཡོད་འདུག ཁོང་གིས་བརྗོད་རྒྱུར། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་རེད། བཙན་གནོན་དང་དྲག་སྤྱོད་ཀྱི་སྒོ་ནས་བོད་ལ་དབང་སྒྱུར་བྱས་པ་རེད། ཡིན་ནའང་། དེ་རྒྱུན་རིང་པོར་གནས་ཐུབ་གི་མ་རེད། ན་ནིང་བོད་ནང་བྱུང་བའི་དམར་གསོད་དྲག་གནོན་གྱི་བྱ་སྤྱོད་ཁོ་ནས་ཀྱང་གསལ་བོར་མངོན་ཡོད་པ་རེད། ལྷག་པར་དུ་ཉེ་ལམ་ཤེས་རྟོགས་བྱུང་བའི་གནས་སྟངས་ལ་གཞིགས་ན། རྒྱ་ནག་མི་དམངས་ཀྱིས་ཀྱང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་དྲག་པའི་བྱ་སྤྱོད་ཀྱིས་བོད་ཀྱི་གནད་དོན་དེ་སེལ་མི་ཐུབ་པར་མ་ཟད། རྒྱ་ནག་ཧྲིལ་བོའི་གནད་དོན་ཀྱང་སེལ་མི་ཐུབ་པའི་རྟོགས་སད་འབྱུང་གིན་ཡོད། ད་ལྟའི་བརྡ་འཕྲིན་གྱི་དུས་རབས་འདིར་དྲག་གནོན་བཀག་སྡོམ་གྱི་བྱ་སྤྱོད་དེ་ནི་ཕུགས་རྒྱང་རིང་པོར་གནས་ཐུབ་གི་མ་རེད་ལ། བོད་ཀྱི་གནད་དོན་དེ་མ་འོངས་པར་རྒྱ་ནག་ནང་བཅོས་སྒྱུར་ཆེན་པོ་ཞིག་འབྱུང་བྱེད་ཀྱི་སྒུལ་ཤུགས་སུ་འགྱུར་ངེས་རེད་ཅེས་བརྗོད་ཡོད་པ་རེད།
བོད་དབུས་ཁུལ་ནས་ཡིན་པ་དང་། དེ་སྔོན་གསར་འགོད་པའི་ལས་ཀ་གཉེར་མྱོང་ཡོད་པའི་བུད་མེད་པདྨ་ལགས་ཀྱིས་ཀྱང་། བོད་མི་རིགས་ནི་ནང་ཆོས་ལ་དད་འདུན་ཡོད་པའི་མི་རིགས་ཤིག་རེད། ཡིན་ནའང་། རྒྱ་ནག་གུང་ཁྲན་ཏང་གིས་ནང་ཆོས་ནི་དུག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ད་ལྟའི་བོད་ནང་གི་བོད་མི་རྣམས་ནི་དཀའ་སྡུག་གི་འཚོ་བའི་ཁྲོད་ལྷུང་ཡོད། རྒྱ་ནག་གཞུང་འབྲེལ་གྱི་ཁྱབ་བསྒྲགས་ནི་འཁྱོགས་བཤད་ཁོ་ན་རེད་ལ། རྒྱ་ནག་དམར་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་དད་འདུན་ལ་བརྩི་བཀུར་བྱེད་དགོས་ངེས་ཤིག་རེད། དེང་སྐབས་ཕྱི་རྒྱལ་བ་མང་པོ་བོད་དུ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་སྐབས་རྒྱུན་རིང་གནས་སྡོད་བྱ་རྒྱུ་དགའ་མོས་བྱེད་ཀྱིན་ཡོད་པ་རེད། དེའི་རྒྱུ་མཚན་ཅི་ཞིག་རེད་དམ། དེ་ནི་བོད་དུ་ཐུན་མོང་མ་ཡིན་པའི་བསམ་བློའི་རིག་གཞུང་ཕྱུག་པོ་ཞིག་ཡོད་པས་རེད། གལ་སྲིད་ཁྱེད་རང་བོད་དུ་བསྐྱོད་པ་ཡིན་ན། ཁྱེད་ཀྱིས་བོད་མིའི་འཚོ་བའི་རིགས་གཞུང་ཁྲོད་འཛུལ་ཞུགས་བྱོས་དང་། ཁྱེད་ཚོས་བོད་མིའི་འཚོ་བའི་ཁྲོད་ཀྱི་མི་ཕན་ཚུན་བར་གྱི་བརྩེ་བ་ཟབ་མོ་དང་། ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་ཞིག་ཚོར་ཡོང་ངེས་ཡིན། དེ་ནི་དངོས་པོའི་འགྲན་རྩོད་ཁྲོད་འཚོ་བཞིན་པའི་ད་ལྟའི་འཛམ་གླིང་གི་མི་རྣམས་ཀྱིས་རྨི་ལམ་དུ་སྒོམ་བཞིན་པའི་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་དེ་རེད། ཅེས་བརྗོད་ཡོད་པ་རེད།