འཆར་ཟླའི་ནང་༧གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌིའི་ནང་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་ལ། སྔོན་མ་ཨོ་སི་ཊོ་ལི་ཡའི་སྲིད་བློན་གྱིས་ཁོང་ཉིད་སྐབས་དེར་༧གོང་ས་མཆོག་ལ་མཇལ་རྒྱུ་མིན་ཚུལ་བཤད་ཡོད་པ་རེད། ཕྱི་ཚེས་ ༡༨ ཉིན་ནེའུ་ཛི་ལན་ཌིའི་སྲིད་བློན་རྗོན་ཁེ་ལགས་ཀྱིས་ཁོང་ཉིད་ཐེངས་འདིར་མཇལ་རྒྱུ་མིན་ལ། གྲོང་ཁྱེར་འདིར་ཕེབས་མཁན་ཆོས་ལུགས་ཀྱི་དབུ་ཁྲིད་ཚང་མར་མཇལ་དགོས་པ་རེད་བསམ་གྱི་མི་འདུག ང་ཁོང་ལ་སྔོན་ཆད་མཇལ་མྱོང་ལ། རྗེས་ཕྱོགས་ཀྱང་མཇལ་སྲིད་ཅེས་གསར་འགོད་པ་དག་ལ་བརྗོད་ཡོད་འདུག
ལོ་གཅིག་གི་སྔོན་ལ་ཁོང་སྲིད་བློན་ལ་བདམས་དུས་ཁོང་གིས་མ་འོངས་པར་ཏཱ་ལའི་བླ་མ་ཡུལ་དེར་ཆིབས་སྒྱུར་སྐབས་མཇལ་འཕྲད་གནང་རྒྱུ་ཡིན་ལུགས་བཤད་ཡོད་ཀྱང་། རྒྱ་ནག་གིས་ཁོང་ལ་གནོན་ཤུགས་སྤྲད་པར་ངོས་ལེན་བྱས་ཡོད་པ་མ་རེད།
སྲིད་བློན་རྗོན་ཁེ་ལགས་ཀྱིས་བཤད་དོན། གནད་དོན་འདི་ཁ་ཉིན་སིང་གྷ་ཕོར་ནས་མངའ་ཁུལ་རྒྱལ་ཁབ་དག་གི་ཚོགས་ཆེན་སྟེང་ཧུའུ་ཅིན་ཐའོ་ཡིས་གླེང་མ་སོང་ལ། རྒྱ་ནག་གཞུང་གི་འབྲེལ་ཡོད་དབུ་ཁྲིད་སུས་ཀྱང་ཏཱ་ལའི་བླ་མར་མཇལ་མི་ཆོག་ཅེས་གླེང་མ་སོང་།
ཡིན་ཡང་། ༧གོང་ས་མཆོག་གི་ཆིབས་སྒྱུར་གོ་སྒྲིག་གནང་མཁན་གྱི་མགྲིན་ཚབ་པ་ཞིག་གིས་བཤད་དོན། སྲིད་བློན་རྗོན་ཁེ་ལགས་ཀྱི་ཐག་གཅོད་འདི་ལ་རྒྱུ་མཚན་གཅིག་ལས་ཡོད་པ་མ་རེད། དེ་ནི་རྒྱ་ནག་གིས་ནེའུ་ཛི་ལན་ཌིར་བཞག་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་ཤུགས་རྐྱེན་དེ་རེད་ཅེས་བརྗོད་ཡོད་པ་རེད།