ས་རཱ་མཐོ་སློབ་ཀྱིས་གོ་སྒྲིག་ཞུས་པའི་མཁས་པའི་བགྲོ་གླེང་ཚོགས་འདུ་ནི། ཚེས་བཅུ་བདུན་ཉིན་ནས་མགོ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་མཇུག་བསྡུ་གནང་གི་ཡོད་འདུག་ཅིང། བགྲོ་གླེང་དེར་སྐྱ་སེར་མི་སྣ་བཅུ་བདུན་གདན་འདྲེན་ཞུས་ཡོད་པ་དེ་དག་གིས། བརྡ་སྤྲོད་དང། རྩོམ་རིག ལོ་རྒྱུས། ནང་ཆོས་རིག་གནས་བཅས་ཀྱི་སྐོར་དང་། ཕྱོགས་མཚུངས་ས་རཱ་མཐོ་སློབ་ནས་ཆེས་མཐོའི་རིག་གནས་རབ་འབྱམས་པ་འཛུགས་འཆར་དེར་སློབ་དེབ་ཅི་ཞིག་བཀོད་སྒྲིག་བྱ་རྒྱུ་བཅས་ཀྱི་ཐད་བགྲོ་གླེང་གནང་མུས་རེད།
ཚེས་བཅུ་བདུན་ཉིན་གྱི་བགྲོ་གླེང་བརྒྱུད་རིམ་ནང། མི་རིགས་གཞན་གྱི་སྐད་ཡིག་ནས་ས་མིང་དང་མི་མིང་སོགས་བོད་ཡིག་ཏུ་ཕབ་འགོད་ཀྱི་དག་ཆའི་སྐོར་ལས་འཕྲོས་ཏེ། ལེགས་སྦྱར་གྱི་སྐད་ལས་ས་མིང་དང་ཆུ་མིང་སོགས་བོད་སྐད་དུ་ཕབ་འགོད་སྐབས་སྒྲ་སྦྱོར་བམ་གཉིས་སོགས་ན་སྔོན་ནས་གཏན་ལ་ཕབ་སྟེ་ཡོད་པའི་འབྲི་སྟངས་དེ་ག་རང་སོར་འཇོག་དང་། དེ་མིན་ཕྱིས་སམ་ཉེ་རབས་ནས་རིག་གནས་གཞན་དང་གཞན་གྱི་ཐ་སྙད་མང་པོ་ཞིག་དང་ཡང་འབྲེལ་བ་བྱུང་བའི་ཐ་སྙད་ཀྱི་རིགས་བོད་ཡིག་ཏུ་འབེབས་སྐབས། ངེས་ཅན་དུའང་སྔོན་གྱི་གཏན་འབེབས་དེར་གནས་དགོས་པའི་ཨུ་ཚུགས་མི་དགོས་པར། སྒྲ་གདངས་གང་ཐོན་གཙོར་བཟུང་བྱེད་པ་ལས། ནིག་ཡོཀ་སོགས་སུ་འབྲི་སྲོལ་འདི་རིགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་གཅིག་གྱུར་ལ་གནོད་པ་སོགས་བརྡ་དང་ཐ་སྙད་ཀྱི་སྐོར་དང། དེ་བཞིན་དེང་སང་གསར་འགྱུར་བརྒྱུད་ལམ་གཙོ་བོར་བྱས་པའི་ཁྱབ་ཁོངས་མང་པོ་ཞིག་ན་བརྡ་སྤྲོད་པའི་རྣམ་གཞག་དང་མི་མཐུན་པར་གང་བྱུང་དུ་འབྲི་ཐལ་རྒྱ་ཡན་དུ་ཁྱབ་ཤུགས་ཆེ་བ་འདིས། བརྡ་སྤྲོད་ཀྱི་རྣམ་གཞག་དང་ཡི་གེའི་སྦྱོར་སྟངས་རིགས་ལོགས་གྱེས་འགྲོ་བཞིན་པ་གཏན་འགོག་དགོས་པ། ཁྱིམ་པའམ་སྐྱ་བོ་ཡིན་པའི་མི་རབས་གསར་པའི་ནང་ཆོས་ཀྱི་གོ་རྟོགས་སྤེལ་བར། མི་སྒེར་དང་སྤྱི་ཚོགས། འཛམ་གླིང་བཅས་སུ་ཕན་ཐོགས་དང་འབྲེལ་བའི་རིན་ཐང་སྐོར་དང་། ནང་ཆོས་ཀྱི་ཀུན་སྤྱོད་རྣམ་གཞག་དེ་དག་རང་རྒྱུད་ལ་འཇགས་པ་ལས་མི་ཚད་ལྡན་ཞིག་བཟོ་ཐབས་ལ་ཕྱོགས་དགོས་པ་དང། ནང་ཆོས་ཁྱབ་སྤེལ་བྱེད་པ་དེ་ཆོས་ལུགས་དར་སྤེལ་གྱི་ཆེད་དུ་མ་ཡིན་པར་མི་སྒེར་དང་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་པའི་ཆེད་དུ་དར་སྤེལ་གཏོང་དགོས་པ། ཡང་ན། ནང་ཆོས་དེ་ཆོས་ལུགས་ཀྱི་ངོ་བོའི་ཐོག་ནས་མ་ཡིན་པར་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་དར་སྤེལ་བྱེད་དགོས་པའི་སྐོར་བཅས་ལ་བགྲོ་གླེང་གནང་སོང་།
ཚེས་བཅོ་བརྒྱད་ཉིན་གྱི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི། ཉེ་བའི་ལོ་ཤས་ནས་ས་རཱ་མཐོ་སློབ་ཀྱི་ངོས་ནས། སློབ་ཟུར་ཁག་ཅིག་དང་། འབྲེལ་ཡོད་མཁས་པ་དང་ཉམས་ཞིབ་པ་སྐོར་ཞིག་ཆེད་ཞུས་ཀྱིས་སྔར་གྱི་སློབ་ཚན་ལ་འགྱུར་བ་གཏོང་ཕྱོགས་ཀྱི་བསམ་ཚུལ་བསྡུས་པ་རྨང་གཞིར་བཞག་སྟེ་མ་ཟིན་དུ་ཕབ་འགོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་གཞིར་བཞག་སྟེང། ཆེས་མཐོའི་རིག་གནས་རབ་འབྱམས་པ་གསར་འཛུགས་ཞུ་གཏན་འཁེལ་ནས་ཡོད་པ་དེར། སློབ་ཚན་ཅི་ཞིག་བཀོད་སྒྲིག་བྱ་འོས་ཀྱི་བགྲོ་གླེང་གནང་ཡོད་ཅིང། དེར་མཁས་པ་དང་ཤེས་ཡོན་པ་ཚོས་དགོངས་ཚུལ་དང་བསམ་ཚུལ་སྤེལ་བའི་སྐབས། སུམ་རྟགས་ལྟ་བུ་བསྐྱར་སྦྱོང་ལྟ་བུ་མ་ཡིན་པར་ཚད་མཐོ་བའི་གནས་ཚད་ཞིག་ཏུ་ཕྱོགས་དགོས་པ་དང། ད་ཡོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་བཀོད་སྒྲིག་གི་དམིགས་རེ་ནང་བཞིན་གྱི་ཤེས་ཚད་ལྡན་ངེས་ཡོང་ཐུབ་ཀྱི་ཡོད་མེད། ས་རཱའི་སློབ་ཚན་དང་སློབ་མའི་ཤེས་ཚད་བར་གྱི་དཀའ་ངལ་ངོས་འཛིན། ད་ཡོད་སློབ་མའི་ཤེས་ཚད་དང་གསར་ཞུགས་སློབ་མའི་ཤེས་ཚད་བཅས་ལ་བལྟས་ནས་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་གཞི་གཏན་འཁེལ་དགོས་པ་ལས་འཕྲོས་པའི་དགོངས་ཚུལ་སྤེལ་བའི་ནང་། ཕྱི་རྒྱལ་ཁག་ལ་མཚོན་ན། འཛིན་རིམ་བཅུ་གཉིས་ཐོན་པའི་སྐབས་སྐད་ཡིག་གི་རྨང་གཞི་ཚད་ལོངས་ངེས་ཡོད་པ་དང། ང་ཚོའི་འཛིན་གྲྭ་བཅུ་གཉིས་ཐོན་མཁན་ཚོར་སྐད་ཡིག་གི་རྨང་གཞི་འདང་ངེས་མེད་པའི་དཀའ་ངལ་ཞིག་ལ་གདོང་ལེན་བྱེད་དགོས་པ་དེ་ས་རཱ་མཐོ་སློབ་ཙམ་མ་ཡིན་པར། བཙན་བྱོལ་བོད་ཀྱི་མཐོ་སློབ་ཁག་ནང་གཅིག་གྱུར་གྱིས་ཡོང་བཞིན་པའི་དཀའ་ངལ་ཞིག་ཡིན་པ་དང། དེ་ལ་འགྱུར་བ་གཏོང་བའི་རེ་བ་རྒྱག་ཡུལ་ནི་གཞི་རིམ་གྱི་སློབ་གྲྭ་ཁག་གི་སྐད་ཡིག་ཤེས་ཚད་གོང་མཐོར་གཏོང་བ་ལ་རག་ལུས་ནས་ཡོད་པ་སོགས་ཕྱོགས་ངོས་མང་པོ་ནས་གླེང་སློང་ཤུགས་ཆེ་བྱས་པའི་མཐའ་དོན་དུ། ས་རཱ་མཐོ་སློབ་ཀྱི་ད་ཡོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་ནང་བརྡ་སྤྲོད་དང་རྩོམ་རིག ལོ་རྒྱུས་བཅས་ཀྱི་གཞུང་ལུགས་གྲགས་ཅན་ཁག་ཆ་ཚང་དངོས་གཞིའི་སློབ་ཚན་དང་། ཟུར་ལྟའི་སློབ་དེབ་གང་རུང་གི་ངོ་བོ་ནས་བཀོད་སྒྲིག་གནང་གྲུབ་སྟེ་ཡོད་པ་དེའི་སྟེང། ད་ཆ་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་དེབ་སྐོར་ལ་དེབ་གཞི་གང་ཞིག་གཏན་འབེབས་དགོས་མིན་གྱི་བསམ་ཚུལ་སྤེལ་རིམ་ནང་། ཕལ་མོ་ཆེ་བས་སློབ་གཞི་ངེས་གཏན་ཞིག་འདམས་རྒྱུ་མ་རག་པའི་དཀའ་ངལ་འཕྲད་དེ། དགོངས་ཚུལ་དང་བསམ་ཚུལ་མང་ཆེ་བ་དེ་སློབ་དེབ་གསར་བསྒྲིགས་ཀྱི་སྟེང་ལ་བབས་པ་ལྟ་བུ་བྱུང་ཡོད་འདུག སློབ་དེབ་གསར་བསྒྲིགས་ཀྱི་ལམ་སྟོན་ལྟ་བུར། ལོ་རྒྱུས་སྐོར་ལ་མཚོན་ན། ལོ་རྒྱུས་རིག་པ་དང། ལོ་རྒྱུས་ཀྱི་བྱུང་བ་སོགས་སུ་ཁག་བགོས་ཀྱིས་སྡེ་ཚན་མ་འདྲ་བར་དབྱེ་བགོས་ཀྱིས་སློབ་དེབ་བཟོ་འགོད་དགོས་པ་ཤུགས་ཆེར་གླེང་འདུག་ལ། ཕྱོགས་མཚུངས་རྩོམ་རིག་གི་སློབ་དེབ་ལྟ་བུར་མཚོན་ན། སྲོལ་རྒྱུན་དང་དེང་རབས་ཀྱི་རྩོམ་རིག་ཆ་བགོས་བརྒྱབ་ནས་སློབ་དེབ་བཟོ་བ། ཡང་། སློབ་དེབ་གང་ཡང་། གཞུང་ལུགས་མང་པོའི་ལེགས་ཆ་འདུ་ཤུགས་ཆེ་བ་ཞིག་གཙོ་འདོན་དགོས་པ་སོགས་ཕྱོགས་ངོས་མང་པོ་ནས་བགྲོ་གླེང་གནང་ཡོད་པ་རེད་འདུག
རྡོ་རྗེ་དབང་ཕྱུག་གིས་ས་རཱ་ནས་འདི་ག་གསར་ཁང་ལ་བཏང་བ་ཡིན།