རྒྱ་གཞུང་གིས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་དོ་དམ་པ་དཀོན་མཆོག་ཚེ་འཕེལ་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲག་བྱེད་མཁན་གྱི་ཉེས་མིང་བཀལ་ཏེ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
རྨ་ཆུའི་སྒྲོལ་དཀར་སྐྱབས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་དོན། བདུན་ཕྲག་སྔོན་མར་རྒྱ་གཞུང་གིས་འདི་ལོ་ཕྱི་ཟླ་ ༢ པའི་ཚེས་ ༢༦ ཉིན་ཀན་ལྷོ་རྨ་ཆུ་རྫོང་ནས་ཡིན་ཞིང་མཆོད་མེ་བོད་ཀྱིརྩོམ་རིག་དྲ་རྒྱའི་དོ་དམ་པ་དཀོན་མཆོག་ཚེ་འཕེལ་ལགས་ཀན་སུའུ་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གློ་བུར་འཛིན་བཟུང་བྱས་ཏེ་ལན་ཀྲུའུ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་པ་དང་། ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་རྒྱ་གཞུང་གིས་ཁོང་གི་ནང་མིར་བརྡ་བཏང་སྟེ་ཕྱི་ཚེས་ ༡༢ ཉིན་ཁོང་ལ་ཁྲིམས་གཅོད་ཀྱི་ཉིན་མོ་ཡིན་སྟབས་ཁྲིམས་རྭར་ཡོང་དགོས་ཚུལ་བརྗོད་ཡོད་འདུག་ལ། ཁྲིམས་རྭ་ནས་ཁོང་གི་ནང་མི་དང་ལས་གྲོགས་གཉིས་ལ་འཛིན་བཟུང་གི་དུས་དེར་གཞུང་བཞེས་བཏང་བའི་གློག་ཀླད་དང་པར་ཆས་ལས་གཞན་པའི་ཅ་དངོས་ཁག་ཅིག་རྩིས་སྤྲོད་བྱས་ཡོད་པ་རེེད། ཁྲིམས་གཅོད་ཀྱི་མགོ་མཇུག་བར་གསུམ་དུ་ཁོང་གི་ནང་མིར་ཐུག་འཕྲད་ཀྱི་གོ་སྐབས་གནང་མེད་ཀྱང་ཉིན་བཅུའི་རིང་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག་ཚུལ་བརྗོད་ཡོད། དེ་ལྟར་ཡང། ཟླ་འདིའི་ཚེས་ ༡༢ ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས། ཁོང་ལ་ ༡༩༩༥ལོར་ཆབ་སྲིད་ཀྱི་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་དང་མཆོད་མེ་དྲ་རྒྱའི་ནང་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་རྩོམ་ཡིག་དང་པར་རིས་འགྲེམས་བཀོད་བྱས་པ་སོགས། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་གྱི་ཉེས་མིང་འོག་ལོ་ ༡༥ ཁྲིམས་ཆད་དང་ལོ་ལྔའི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་ཡོོད་འདུག ད་ལྟའི་ཆར་ཁོང་གི་ནང་མིས། གལ་སྲིད་རྒྱ་གཞུང་གིས་དོན་དངོས་ཐོག་ཁྲིམས་ཁང་ལ་ཞུ་གཏུགས་གྱི་གོ་སྐབས་སྤྲད་ཚེ་བསྐྱར་དུ་ཁྲིམས་གཏུག་བྱ་འཆར་ཡོད་འདུག
དེ་བཞིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་པར་པ་དང་ལོང་དཀར་དགོན་པའི་གྲྭ་ཀུན་དགའ་ཚངས་དབྱངས་ངམ་སྨྱུག་མིང་ལ་གངས་ཉིད་དུ་འབོད་པ་ཁོང་ཉིད་ཀྱང་རྒྱ་གཞུང་གིས། བོད་ཀྱི་སྐད་ཡིག་དྲ་རྒྱའི་ཟིན་བྲིས་སྟེང་བཀོད་པའི་རྩོམ་ཡིག་”ཁ་བྲལ་བ་ངོ་མ་དེ་སུ་རེད་དམ” ཅེས་པ་དང་ ‘རྒྱ་ནག་གིས་ངེས་པར་དུ་ཏཱ་ལའི་བླ་མར་དགོངས་དག་ཞུ་དགོས’’ ཅེས་པའི་རྩོམ་ཡིག་དང་པར་རིས་དག་ལས་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་བཀལ་ཏེ་ཀན་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།