བོད་མི་རིགས་འདི་ཉིད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མི་རང་ཉིད་ཀྱི་འཚོ་སྟངས། མི་རིགས་འདིའི་འཚོ་གནས་བཅས་ལ་མི་རིགས་གཞན་ཞིག་གིས་ཉིན་རེ་ནས་ཉིན་རེར་དམ་དྲག་དང་གདུག་རྩུབ། མནར་གཅོད་འོག་ཉམས་རྒུད་དུ་འགྲོ་བ་འདི་སེམས་ཀྱིས་མ་བཟོད་པར་ཞི་རྒོལ་གྱི་སྣེ་ཁྲིད་པ་ཡིན་ཟེར།
སྔར་ལོ་བོད་ཆོལ་གསུམ་གྱི་བོད་མི་མང་པོ་ཞིག་གིས་རང་སྲོག་ལ་མ་འཛེམས་པར་རྒྱ་ནག་གཞུང་ལ་མི་རིགས་འདིའི་བདེན་དོན་གྱི་ཆེད་དུ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་བོད་མི་གང་མང་ཞིག་ད་ལྟའི་དུས་འདིར་ཡང་རྒྱ་གཞུང་གི་མནར་གཅོད་འོག་གནས་ཡོད་ལ། བོད་མི་ཁག་ཅིག་རྒྱ་གཞུང་གི་གནོན་ཤུགས་འོག་འདུགས་ཐབས་བྲལ་ཏེ་བཙན་བྱོལ་དུ་ཡོང་དགོས་བའི་གནས་སྟངས་ཆགས་ཡོད། ཉེ་ཆར་ངྷ་ས་དབུས་སྣེ་ལེན་ཁང་དུ་སྐབས་དེའི་ཞི་རྒོལ་ཁྲོད་ཞུགས་པའི་མི་སྣ་མང་པོ་ཞིག་འབྱོར་ཡོད་སྟབས། ཕྱི་ཚེས་ ༢༦ ཉིན་འདི་གའི་གསར་འགོད་པ་དབུས་སྣེ་ལེན་ཁང་དུ་སོང་སྟེ་བསང་ཆུ་རྫོང་གི་ཞི་རྒོལ་གྱི་སྣེ་འཁྲིད་པ་བླ་བྲང་དགོན་པའི་གྲྭ་འཇམ་དབྱངས་ཐབས་མཁས་ལགས་སུ་སྔར་ལོའི་ཞི་རྒོལ་དང་འབྲེལ་བའི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་པར་ཁོང་གིས་ཐོག་མར་སྔར་ལོ་ཞི་རྒོལ་བྱས་པའི་དམིགས་ཡུལ་དང་ཆོད་སེམས། དེ་བཞིན་ངོ་རྒོལ་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་ཡོད།
སྐབས་དེར་ཁོང་གིས་བརྗོད་དོན། ང་རང་ཉིད་ལ་མཚོན་ན་རྒྱ་གཞུང་གིས་དུས་རྟག་ཏུ་བོད་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས། བརྙས་བཅོས་དང་ཁྱད་གསོད་བྱས་པའི་ན་ཟུག་དེ་དང་། སྤྱིར་ང་རང་བོད་པ་ཞིག་དང་ཆོས་པ་ཞིག་ཡིན་པའི་ངོས་ནས་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེར་སྙིང་ཐག་པ་ནས་དད་པ་བྱེད་མཁན་ཞིག་ཡིན་པ་དང་ཁོང་ཉིད་མི་ལོ་ ༤༩ ལྷག་གི་རིང་ཕྱི་ཡུལ་དུ་གྱར་དགོས་བྱུང་བ་སོགས་དྲན་ན་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཤིག་ཏུ་གྱུར་ཡོད། དེ་བཞིན་བོད་མི་རིགས་འདི་ཉིད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མི་རང་ཉིད་ཀྱི་འཚོ་སྟངས། མི་རིགས་འདིའི་འཚོ་གནས་བཅས་ལ་མི་རིགས་གཞན་ཞིག་གིས་ཉིན་རེ་ནས་ཉིན་རེར་དམ་དྲག་དང་གདུག་རྩུབ། མནར་གཅོད་བཅས་ཀྱི་འོག་ཉམས་རྒུད་དུ་འགྲོ་བ་འདི་ཉིད་སེམས་ཀྱིས་མ་བཟོད་པར། ང་དང་ངའི་གྲོགས་པོ་ཚོས་དེའི་སྔོན་ནས་གྲོས་བྱས་ཏེ་གལ་སྲིད་ང་ཚོར་ངོ་རྒོལ་གྱི་དུས་སྐབས་ཤིག་བྱུང་བ་ཡིན་ན་དེར་ཞུགས་རྒྱུའི་ཆོད་སེམས་བརྟན་པོར་བཅངས་ཡོད་པ་དེ་དུས་ལ་བབ་པར་ངོས་འཛིན་བྱས་ཏེ། ༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་འཚེ་མེད་ཞི་བའི་དགོངས་དོན་གཞིར་བཟུང་ཐོག་ང་ཚོས་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱས་པ་ཡིན། ཞེས་དང་།
དུས་ཡུན་རིང་བོར་སེམས་སུ་ཉར་བའི་ན་ཟུག་དེ་ཕྱིར་མངོན་ཆེད་སྔར་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ དང་སྐར་མ་ ༡༠ ཡས་མས་སུ་ང་ཚོས་སྣེ་ཁྲིད་དེ་བླ་བྲང་དགོན་པའི་ཉེ་འདབས་ཀྱི་ཐ་བའི་སྲང་མགོ་རུ་བོད་ཀྱི་རྒྱལ་དར་འཕྱར་ཏེ། སྐད་གསེང་མཐོན་པོས༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་པ་དང་འདྲ་མཉམ་གྱི་ཐོག་ནས་བོད་རྒྱའི་ཞི་བའི་གྲོས་མོལ་བྱ་དགོས་པ། བོད་ལ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ། ང་ཚོ་ལ་གཏམ་བརྗོད་ཀྱི་རང་དབང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། ཅེས་སྲིད་གཞུང་གི་ཕྱོགས་སུ་སྐད་འབོད་བྱས་ཏེ་སོང་བ་ཡིན། ལམ་བར་ནས་ཉེན་རྟོག་པ་མང་པོས་ཐེངས་གསུམ་ལྷག་ལ་བཀག་འགོག་བྱས་ཀྱང་ང་ཚོའི་ངོ་རྒོལ་བྱ་ཡུལ་རྒྱ་ནག་སྲིད་གཞུང་ཡིན་སྟབས་སྲིད་གཞུང་གི་སྒོ་འགྲམ་དུ་སོང་སྟེ་སྐར་མ་ ༡༥ ཡས་མས་སུ་སྐད་འབོད་བྱས་པ་ཡིན། ཉིན་དེར་ཕལ་ཆེར་མི་གྲངས་ ༧༠༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང་། ཚང་མས་དྲག་པོའི་རྣམ་པ་ཅི་ཡང་མ་བསྟན་པར་ཞི་བའི་ལམ་ནས་ངོ་རྒོལ་སྐད་འབོད་བྱས་པ་ཡིན། ཞེས་དང་།
ཁོས་མུ་མཐུད་དུ་བརྗོད་དོན། ཉིན་གཉིས་པ་དེར་བླ་བྲང་དགོན་པའི་གྲྭ་བ་ཡོངས་ཚོགས་ཆེན་སེར་ཕྲེང་ལ་བཤར་བཞིན་པའི་སྐབས་རེད། གྲྭ་བ་ཚོས་སེར་ཕྲེང་རྫོགས་ཏེ་ཕྱིར་ཚོགས་འཚོགས་བཞིན་པའི་སྐབས་སུ་གྲྭ་བ་ཚོ་རང་ངོས་ནས་སྐོར་ཁ་ཤས་བྱས་ཏེ་ཕྱིན་སོང་ལ། ང་རང་ཡང་སྐོར་ཁག་རྗེས་མ་དང་མཉམ་དུ་སྐད་འབོད་བྱས་ཏེ་སོང་བ་ཡིན། ཉིན་དེར་ང་ཚོས་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་ཁུར་ཏེ་ཆུ་ཚོད་ ༡ དང་ཕྱེད་ཀའི་རིང་སྐད་འབོད་བྱས་པར་མི་གྲངས་ ༡༠༠༠༠ ལྷག་འཛོམས་བྱུང། ཡིན་ནའང་། ཉིན་དེར་མི་སུ་ཡིན་མི་ཤེས་པར་སྲིད་གཞུང་གི་ཚོང་ཁང་ལ་རྡོ་དབྱུགས་ཏེ་གཏོར་བ་དང་གྲྭ་བ་ཁ་ཤས་ཤིག་ལའང་རྨས་སྐྱོན་ཕོག་པ་མ་ཟད། རྒྱ་གཞུང་གི་དྲག་ཆས་དམག་མིས་དུག་རླངས་སོགས་གཏོར་ཏེ་ཉིན་གང་བོར་ཕན་ཚུན་འཛིང་རེས་ཀྱི་རྣམ་པ་ཞིག་བྱུང་སོང་། དེ་དག་ཡོད་ཚད་ང་རང་གིས་རྒྱ་གཞུང་གི་གོ་སྒྲིག་འོག་ནས་བྱུང་བ་རེད་བསམ་གྱིན་ཡོད།
ཉིན་གཉིས་ཀྱི་རྗེས་སུ་ངོ་རྒོལ་གྱི་རྣམ་པ་ཞི་འཇགས་སུ་ཕྱིན་ཡོད་ཀྱང་དགོན་པའི་ནང་འགྲུལ་བ་འགྲོ་འོང་ལ་བཀག་སྡོམ་ནན་མོ་བྱེད་ཀྱིན་འདུག དེ་ལྟ་ནའང་། ཕྱི་ཚེས་ ༡༦ ཉིན་ང་རང་དགོན་པའི་ཉེ་འགྲམ་དུ་ཕྱིན་སྐབས་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་མཐོང་བྱུང། དེའི་ཡར་སྔོན་དུ་གསར་འགོད་པའི་ཚོགས་པ་ཞིག་སླེབས་ཡོད་པའི་གནས་ཚུལ་མི་གཞན་གྱི་ཁ་ནས་གོ་ཡོད་སྟབས། ངས་ཁོང་གི་ལག་རྟགས་ལ་བལྟས་པར་ལྷོ་ཨ་ཧྤི་རི་ཀའི་གསར་འགོད་པ་ཞིག་ཡིན་པ་ཤེས་བྱུང་ལ། ཁོང་གིས་ང་ལ་སྐད་ཆ་བཤད་ཆོག་མིན་བརྗོད་ཀྱིན་འདུག རྗེས་སུ་ངེད་གཉིས་བརྡ་འཕྲོད་དཀའ་སྟབས་ངས་ཁོང་གི་སྒྲ་འཇུག་ནང་བོད་སྐད་ཀྱི་ལམ་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་དགོས་པ་དང་། ང་ཚོར་རང་དབང་དང་འདྲ་མཉམ་དགོས། དམངས་གཙོ་དགོས། བོད་ནང་གི་གནས་སྟངས་ལ་རྒྱལ་སྤྱིའི་ངོས་ནས་རོགས་རམ་བྱ་རོགས་ཞེས་འབོད་སྐུལ་གྱི་སྐད་ཆ་ཁ་ཤས་བཤད་པ་ཡིན། ཅེས་བརྗོད་བྱུང་།
ཡང་ཁོང་གིས། ཕ་ཡུལ་ནས་རི་བྱོལ་དུ་ཕྱིན་པའི་རྒྱུ་རྐྱེན་དང་བཙན་བྱོལ་ནང་འབྱོར་བའི་བརྒྱུད་རིམ་ཐད་བརྗོད་དོན། ངས་གསར་འགོད་པར་སྐད་ཆ་བཤད་རྗེས་ཀྱི་ཉིན་གཅིག་གི་རྗེས་སུ་གྲོགས་པོ་ཞིག་གིས་ངས་གསར་འགོད་པར་བརྗོད་ཟིན་པའི་གནས་ཚུལ་དེ་ཕྱི་རྒྱལ་གྱི་བརྙན་འཕྲིན་བརྒྱུད་ལམ་ཞིག་ཏུ་གཏོང་གི་ཡོད་པ་དང་ང་ལ་ཉེན་ཁ་ཆེན་པོ་ཡོད་ཚུལ་སོགས་བརྗོད་སྟབས། ཕྱི་ཚེས་ ༡༧ ནས་ང་དགོན་པ་དང་ཐག་མི་རིང་བའི་མི་ཚང་ཞིག་ཏུ་སྐོང་ནས་བསྡད་པ་ཡིན། རྗེས་སུ་རྒྱ་གཞུང་གིས་ང་རང་བརྩད་གཅོད་དང་ཡིག་ཆ་བཀྲམས་ཏེ་འཛིན་བཟུང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་མཐར་ངས་རང་གི་ནང་མི་དང་གྲོགས་པོ་ཡོངས་ལ་གནག་ངེས་པར་བསམ་ཏེ་རི་མགོར་བྲོས་བྱོལ་ཏུ་སོང་བ་ཡིན། ཟླ་བ་མང་པོའི་རིང་རི་བྱོལ་ལ་སོང་ཡོད་པའི་སྐབས་ཤིག་ལ་ངའི་ཕ་རྒན་ཡང་ནད་ཀྱིས་མནར་ཏེ་སྨན་ཁང་ནང་བསྡད་ཡོད་པའི་སྐད་ཆ་དེ་འདྲ་ཞིག་གོ་བྱུང་། གནས་ཚུལ་དེ་གོ་རྗེས་ངའི་སེམས་ལ་བཟོད་མི་ཐུབ་པའི་སྡུག་བསྔལ་དང་ན་ཟུག་ཅིག་སྐྱེས་འོང་གིན་འདུག རྗེས་སུ་རྒྱ་ནག་ཉེན་རྟོག་མི་སྣ་ཐེངས་མང་པོར་ངའི་ཁྱིམ་དུ་འོང་སྟེ་ང་ལ་མགོ་འདོགས་དགོས་པའི་བརྡ་ལན་དང་གནོན་ཤུགས་སྤྲད་འདུག
ཁོང་ཚོས་ཇི་ལྟར་བཤད་ཀྱང་། ངས་ཁོང་ཚོར་མགོ་འདོགས་གཏན་ནས་བྱས་མེད། རྒྱུ་མཚན་ནི། ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཞག་སྟེང་ཞི་རྒོལ་བྱས་ཏེ་རང་སེམས་ཀྱི་ཁ་དོག་ངོ་མ་སྟོན་ཆེད་དང་། བོད་མི་རིགས་ཀྱི་དཀའ་སྡུག་དང་འཚོ་གནས་ཀྱི་གནད་དོན་དང་ཆོས་ལུགས་ཀྱི་གནད་དོན་ཅི་འདྲ་ཡིན་པ་གསལ་བཤད་བྱ་ཆེད་ཞི་རྒོལ་བྱས་པ་ཡིན་སྟབས། ངས་མགོ་འདོགས་མ་བྱས་ལ་རྗེས་སུ་ངས་རང་ཡུལ་དུ་ང་ལ་གུ་ཡངས་ཀྱི་འཚོ་བ་ཞིག་དང་བདེ་སྐྱིད་ཅིག་མེད་པ་ཤེས་རྟོགས་བྱུང་སྟེ། ༢༠༠༩ ལོའི་ཕྱི་ཟླ་ ༡༠ བའི་ཚེས་ ༢༧ ཉིན་ང་རང་ཕ་ཡུལ་དང་ཁ་གྱེས་ཏེ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། ཅེས་བརྗོད་བྱུང་།
མཐའ་མ་དེར་ཁོང་གིས། རང་ཉིད་ཀྱི་འདས་པའི་བརྒྱུད་རིམ་དེ་དག་གཞིར་བྱས་ཏེ་ཕྱི་སྡོད་བོད་མི་རྣམས་ལ་བརྗོད་དོན། བོད་ནང་གི་བོད་མིའི་སེམས་ཤུགས་ཏེ་ཧ་ལས་དགོས་པ་ཞིག་རེད། འདས་པའི་མི་རབས་དེ་དག་ལ་བལྟས་ན་ད་ལྟའི་མི་རབས་འདི་དག་ལ་སྔར་ལས་ལྷག་པའི་སེམས་ཤུགས་འཕར་མ་ཞིག་འབྱུང་གིན་འདུག སྔར་ལོའི་ཞི་རྒོལ་ལ་མཚོན་ནའང་རང་ལོ་ ༡༢ ཡན་གྱི་མི་མང་པོ་ཞིག་འཐབ་རྩོད་ནང་ཞུགས་ཡོད་པས། ང་ཚོ་སྔར་གྱི་སྐུ་དྲག་ལམ་ལུགས་དང་རྒྱལ་བོའི་ལམ་ལུགས་ཀྱི་དུས་སྐབས་མིན་པར་ང་ཚོ་དམངས་གཙོའི་སྤྱི་ཚོགས་ཤིག་གི་ནང་འཚོ་སྡོད་བྱས་ཡོད་ཕྱིར་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་བོད་ནང་གི་བོད་མི་ཚོར་འགན་ཡོད་པའི་སྟེང་ནས་རང་ས་ནས་ཧུར་བརྩོན་བྱ་རྒྱུ་གལ་ཆེན་པོ་རེེད། ཅེས་འབོད་སྐུལ་ཡང་གནང་སོང་།