རྒྱ་གཞུང་གིས། ད་ལྟའི་ཆར་ཡང་བོད་པའི་བཙོན་མ་ཚོར་མི་ཆོས་ལས་འདས་པའི་མནར་གཅོད་གང་མང་གཏོང་གི་འདུག་ཟེར།
ཕྱི་ཚེས་ ༢༦ ཉིན་ཉེ་ཆར་བོད་ནས་འབྱོར་བའི་བླ་བྲང་དགོན་པའི་གྲྭ་འཇིགས་མེད་ཐབས་མཁས་ལགས་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྔར་ལོའི་བསང་ཆུ་རྫོང་གི་ཞི་རྒོལ་གྱི་སྣེ་ཁྲིད་པ་བླ་བྲང་ཡིག་ཆུང་ཐང་ནས་ཡིན་པའི་གྲྭ་ཚུལ་ཁྲིམས་ལགས་ ༢༠༠༨ ལོའི་ཕྱི་ཟླ་ ༥ བ་ཡས་མས་སུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ཁྲིམས་ཞིབ་པ་དང་ནང་མི་སོགས་ཅི་ཡང་མེད་པའི་ཐོག་ཀན་ལྷོ་གཙོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མི་ལོ་ ༢༠ ཁྲིམས་ཆད་བྱས་ཡོད་པ་དང་། དུས་འཁོར་ཐབས་མཁས་ལགས་ཀྱང་ ༢༠༠༨ ལོའི་ཟླ་གསུམ་པའི་ཚེས་ ༢༠ ཡས་མས་སུ་ཞི་རྒོལ་གྱི་དོན་རྐྱེན་དེར་རྐྱེན་བྱས་ཏེ་རྒྱ་ནག་གིས་འཛིན་བཙོན་འཇུག་བྱས་ཏེ་ཀན་ལྷོ་གཙོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མི་ལོ་ ༡༥ ཁྲིམས་ཐག་བཅད་ཡོད་འདུག
དེང་སྐབས་གྲྭ་ཚུལ་ཁྲིམས་ལགས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་རུ་ཕྱིན་ཡོད་པ་མ་ཟད། དུས་འཁོར་ཐབས་མཁས་ལགས་ལ་རྒྱ་གཞུང་གི་ཐེངས་དང་པོར་འཛིན་བཟུང་བྱས་པ་ནས་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་ཉེ་ཆར་བཙོན་ཁང་དུ་བཤག་བཅོས་བཏང་ཡོད་པའི་གནས་ཚུལ་བརྗོད་ཀྱིན་པ་མ་ཟད། ཁོང་གི་ཀླད་པ་དང་མིག་ལ་སྐྱོན་ཞུགས་ཡོད་པའི་གནས་ཚུལ་བྱུང་ཡོད་འདུག་ལ། བླ་བྲང་དགོན་པའི་གྲྭ་སྐལ་བཟང་རྒྱ་མཚོ་ལགས་ཀྱང་འདི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་ཉེས་བ་ཅི་ཡིན་དང་ཐག་གཅོད་ཀྱི་གནས་ཚུལ་ཅི་ཡང་མེད་པར་ལན་ཀྲུའུ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་ཚུལ་བརྗོད་བྱུང།
གོང་གསལ་གྱི་གནས་ཚུལ་དེ་དག་དང་འབྲེལ་ཁོང་གིས། འདས་ལོ་བཙོན་ཁང་དུ་ཚུད་པའི་བོད་མི་མང་ཆེ་བས་བརྗོད་དོན་ལྟར་ན། རྒྱ་གཞུང་གིས་ལྕགས་ཀྱི་རྐུབ་སྟེགས་དང་ལྕགས་ཀྱི་ཉལ་ཁྲི་ཅེས་པའི་ཁྲིམས་ཆད་ཀྱི་ལག་ཆ་མི་འདྲ་བ་དག་བེད་སྤྱོད་བྱས་ཏེ་བཟོད་ལྷག་མེད་པའི་མནར་གཅོད་གཏོང་གི་ཡོད་པ་མ་ཟད། མེ་འཐབ་ནང་གི་རྐམ་པ་དམར་བོ་བཟོས་ཏེ་མི་ལ་མེ་བསྲེགས་དང་རྐང་ཆག་ལག་ཆགས་བྱུང་བར་སྣང་དོགས་ཅི་ཡང་མེད་པར་གཅར་རྡུང་བྱེད་ཀྱིན་པའི་སྡུག་རྩུབ་ཀྱི་བྱ་སྤྱོད་གང་མང་ཞིག་ལག་བསྟར་བྱེད་ཀྱིན་ཡོད་པའི་གནས་ཚུལ་སོགས་འགྲེལ་བརྗོད་གནང་བྱུང།